ཟླ་བ་ ༧ ཚེས ༢༠ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༠ རེས་གཟའ་སྤེན་པ། 

༄༅། །འཁོན་རིགས་བསྟན་པའི་མངའ་བདག་དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེའམ་ངག་དབང་ཀུན་དགའ་བློ་གྲོས་དབང་ཕྱུག་རིན་ཆེན་འཇིགས་མེད་འཕྲིན་ལས་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༩ རེས་གཟའ་པ་སངས་ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ཉེ་འགྲམ།  གྲོང་ཁྱེར་ཧུབ་ལིའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ལྷོ་སྤྱིས་གཙོས་མོན་གྷོ་ས་གནས་འགོ་འཛིན་དང་། མོན་གྷོ་དང་སྦེལ་ཀོབ་དུ་ཡོད་པའི་ས་སྐྱ་དགོན་པ་ཁག་གི་མཁན་པོ། དད་ལྡན་སེར་སྐྱ་མི་མང་ཁག་གཅིག གཞན་ཡང་ས་འཐུས། ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག

དེ་ཡང་ས་སྐྱ་ཁྲི་འཛིན་མཆོག་གནམ་ཐང་ནས་མོན་གྷོ་ས་སྐྱ་བརྩེ་ཆེན་མདོ་སྔགས་ཆོས་གླིང་དུ་ཕེབས་མཚམས་གདན་ས་དང་དགོན་སྡེ་ཁག་གི་མཁན་པོ་དང་། སེར་སྐྱ་མི་མང་དང་། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

དེ་ཡང་ཐེངས་འདིར་མཛད་རིམ་ལྟར་ན།  མོན་གྷོ་དང་སྦེལ་ཀོབ་དུ་རྟེན་གཞི་བྱས་པའི་ས་དགོན་ཁག་གི་མཁན་པོ་རྣམས་ནས་ཇི་ལྟར་གསོལ་འདེབས་ལྟར། ཟླ་འདིའི་ཕྱི་ཚེས་ ༡༩ ནས་ཕྱི་ཟླ་ ཚེས་ ༤ བརས་སྐྱ་ཁྲི་འཛིན་མཆོག་ནས་མོན་གྷོ་རུ་སྨན་བླ་བདེ་གཤེགས་བརྒྱད་དང་ཚེ་ལྷ་རྣམ་གསུམ། སྒྲོལ་མ་བཅས་ཀྱི་རྗེས་གནང་དང་།  འབྱུང་འདུལ་དང་ས་འཇམ་སྦག་སྒྲུབ།  མགོན་དཀར་བཅས་ཀྱི་རྗེས་གནང་།  གཞན་ཡང་མི་མང་ལ་ཚེ་དབང་དང་བླང་དོར་བཀའ་སློབ་གསུང་བཤད་སོགས་གནང་རྒྱུ་དང་། 

ཕྱི་ཟླ་ ༨ ཚེས་ ༥ ནས་ཚེས་ ༡༢ བར་ཉིན་གྲངས་བརྒྱད་རིང་སྦེལ་ཀོབ་བརྩེ་ཆེན་ཆོས་འཁོར་གླིང་དུ།  དཔལ་ཀུན་རིག་གི་བཀའ་དབང་། འཇམ་དབྱངས་ཀྱི་རྗེས་གནང་། ཕུར་པའི་གཏོར་དབང་།  དེ་བཞིན་མི་མང་ལ་ཚེ་དབང་དང་ནང་ཆོས་ངོ་སྤྲོད་སོགས་གནང་རྒྱུ་ཡིན་པ་བཅས། །

Share with your friends










Submit