ཟླ་བ་ ༧ ཚེས ༡༨ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༨ རེས་གཟའ་ཕུར་བུ། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༧ རེས་གཟའ་ལྷག་པ་ཉིན་ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་ Donald Trump མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་ཡོང་བ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་གངས་ཅན་ལྗོངས་སུ་གདན་འདྲེན་ཞུ་རྒྱུར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་གནང་འདུག

གོང་ཚེས་ཉིན་ཨ་རིའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོའི་ White House  ནང་སྲིད་འཛིན་མཆོག་གིས་ཆོས་དད་རང་དབང་བཀག་སྡོམ་དང་རྡོག་རོལ་སོགས་དྲག་གནོན་ལས་ཐར་བའི་ཡེ་ཤུ་དང་། ཁ་ཆེ། ནང་པ། ཇིའུ་བཅས་ཆོས་ལུགས་འདྲ་མིན་གྱི་མི་རིགས་ཁག་གི་ནང་མི་དང་སྤུན་ཉེ་སོགས་ཐུག་འཕྲད་ཀྱིས་དཀའ་ངལ་ཁག་གསན་འཇོག་གནང་ཡོད་པའི་ཁོངས་སུ་ཕྱི་ལོ་ ༢༠༡༨ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལྕམ་སྐུ་ནཱ་ཌི་ཡ་མི་རཏ་ Nadia Murad ལགས་ཀྱང་ལྷན་བཅར་ཞུས་འདུག 

སྐབས་དེར་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་གཏོང་བཞིན་རྒྱལ་ཁབ་ཡུ་གུར་ཁ་ཆེ་བ་དང་།  རྩ་རླུང་སྒོམ་སྒྲུབ་པ། ཡེ་ཤུ་བཅས་སོ་སོའི་སྐུ་ཚབ་དང་། དེ་བཞིན་བོད་བརྒྱུད་ནང་བསྟན་ནས་ཉི་མ་ལྷ་མོ་ལགས་བཅས་མཉམ་ཞུགས་གནང་ཡོད།

སྤྱིར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༦ ནས་ཚེས་ ༡༨ ཉིན་གྲངས་གསུམ་རིང་ཆོས་དད་རང་དབང་དར་སྤེལ་གཏོང་ཐབས་སུ་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད། དབུ་འབྱེད་མཛད་སྒོའི་ཐོག་ཨ་རི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མ་ཡིག་པོམ་པེའོ་ Mike Pompeo མཆོག་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་ཚབ་པ་སྐུ་ཞབས་སམ་བྷི་རོན་བྷད་ཁི་ Sam Brownback མཆོག དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ Nancy Pelosi མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ཁག་གཅིག་དང་། དེ་བཞིན་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་སྐུ་ཞབས་ཕེ་རེང་ཝུ་ལཕ་ Frank Wolf ལགས་སོགས་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་གནད་ཡོད་མི་སྣ་དང་སྐུ་ཚབ་བཅས་ཕེབས་ཡོད།

ཕྱོགས་མཚུངས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལགས་ཀྱི་ཚ་མོ་ཉི་མ་ལྷ་མོ་ལགས། སུད་སིའི་སྐུ་ཚབ་དོན་ཁང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འབྲེལ་ཡོད་ལས་བྱེད་གཡག་ལྷ་དཀོན་མཆོག་སྒྲོལ་མ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་བུ་ཆུང་ཚེ་རིང་ལགས་སོགས་བོད་མིའི་སྐུ་ཚབ་ཁག་གཅིག་ཀྱང་མཉམ་ཞུགས་གནང་ཡོད་པ་བཅས། །

Share with your friends










Submit