ཟླ་བ་ ༧ ཚེས ༩ ༢༠༡༩
Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༩ རེས་གཟའ་མིག་དམར།  

༄༅། །ཡུ་རོབ་ཀྱི་རྒྱལ་ཁབ་ཨི་ཊ་ལི་སན་ཊ་ལུ་སི་  Santa Luce  ནང་ཡོད་པའི་པོ་མ་ཡ་  Pomaia ཞེས་པའི་ས་གནས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་འདུག   མཛད་སྒོར་སན་ཊ་ལུ་སིའི་གྲོང་སྡེའི་སྤྱི་ཁྱབ་པ་ལྕམ་ Giamila Carli མཆོག་དང་།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་རྣམ་གཉིས་ཆེད་ཕེབས་གནང་འདུག 

 སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྐུའི་འཁྲུངས་སྐར་ཉིན་འཚམས་འདྲི་ཞུས་པ་དང་སྦྲགས།  གང་ཉིད་མཆོག་དེ་སྔ་ས་ཁུལ་དེར་མཛད་འཕྲིན་བསྐྱངས་གནང་མཛད་པ་དྲན་གསོ་ཞུས་པ་མ་ཟད།  ཕྱི་ལོ་ ༢༠༡༧ ལོ་ས་གནས་ཀྱི་མི་སེར་ཕྱག་འཁྱེར་ཡང་འབུལ་ལམ་ཞུས་པར་ཐུགས་དགྱེས་ཚོར་མཛད་སྐོར་དྲན་གསོ་ཞུས།  གཞན་ཡང་ལྕམ་སྐུ་མཆོག་གིས་ས་གནས་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གང་ཐུབ་གནང་རྒྱུའི་ཁས་ལེན་ཡང་གནང་འདུག  བོད་མིར་རོགས་རམ་བྱ་རྒྱུ་དེ་ནི་ཚོང་ཁེའི་ཆེད་དུ་མིན་པར་བཟང་སྤྱོད་ཀྱི་ལྟ་གྲུབ་ལ་བརྟེན་ནས་ཡིན་སྐོར་གསུངས། དེ་ནས་སྲིད་སྐྱོང་མཆོག་གིས་ལྕམ་སྐུ་མཆོག་གི་ལྟ་གྲུབ་དེར་གུས་འདུད་ཞུས་པ་དང་སྦྲགས།  འཛམ་གླིང་གི་འགོ་ཁྲིད་ཚོས་ཀྱང་མིག་དཔེ་གནང་ནས་ལག་བསྟར་གནང་དགོས་པའི་དུས་ལ་བབ་ཚུལ་གསུངས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་སྤྱིའི་བསོད་ནམས་ཀྱི་བགོ་སྐལ་ཞིག་དང་། མགོན་པོ་མཆོག་༸སྐུ་ཚེ་ཡུན་རིང་བརྟན་ཕྱིར་སྨོན་འདུན་ཤུགས་དྲག་ཞུས་འདུག 

དེ་ནས་པི་ས་ Pisa གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Bruno  Neria ལགས་ཀྱིས་དེ་སྔོན་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༡༦ ནང་པའི་ལྟ་གྲུབ་སློབ་གཉེར་བྱ་རྒྱུ་སློབ་ཚན་ཞིག་འགོ་འཛུགས་གནང་བ་ལྟར།  ད་ཆ་ནང་ཆོས་སློབ་ཚན་དེ་ཚགས་ཚུད་ངང་ནས་འགྲོ་མུས་ཡིན་སྐོར་སོགས་གསུངས། 

ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་ས་གནས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་རྣམས་ཇི་ནི་ཝ་སྐུ་ཚབ་དོན་ཁང་དང་། རྣམ་རྒྱལ་བཟོད་པ་ལགས་ཀྱི་སྣེ་ཁྲིད་འོག་ཨི་ཊ་ལི་བོད་རིགས་ཚོགས་པ་གཉིས་ཟུང་སྦྲེལ་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་འདུག   དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ Reggio Emilia ཞེས་པའི་ནང་རྟེན་གཞི་བྱས་པའི་བོད་ཁང་དུ་ཕེབས་རྒྱུ་ཡིན་འདུག་པ་བཅས། །

Share with your friends










Submit