ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༡༨ ལོའི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཐོབ་མཁན་སྲི་ཞུའི་ལས་བྱེད་གཉིས་ཀྱི་ལས་དོན་གཟེངས་ཐོན་ཇི་བྱུང་གི་ལོ་རྒྱུས་གཤམ་གསལ།
ནང་སྲིད་དྲུང་གཞོན་བདེ་སྐྱིད་ཁང་གསར་དོན་གྲུབ་ཚེ་རིང་ལགས།
ནང་སྲིད་དྲུང་གཞོན་བདེ་སྐྱིད་ཁང་གསར་དོན་གྲུབ་ཚེ་རིང་ལགས་ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡༣ ནས་གནས་སྡེ་འགན་ཐོག་བསྐོ་གཞག་བྱུང་བ་ནས་བཟུང་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་དང་། མོན་གྷོ་འདོད་རྒུ་གླིང་མི་མང་མཉམ་འབྲེལ་གྱི་མཉམ་དྲུང་། མེའོ་ཆོས་འཕེལ་གླིང་ས་གནས་དང་། ལྷག་པར་དུ་འདས་པའི་ལོ་ངོ་གསུམ་ནང་སྐུ་ཞབས་བདེ་སྐྱིད་ཁང་གསར་དོན་གྲུབ་ཚེ་རིང་ལགས་ནས་བཙན་བྱོལ་བོད་མིའི་སོ་ནམ་ལས་དོན་ཡར་རྒྱས་དང་ཚགས་ཚུད་གོང་སྤེལ་སླད་རང་གཞུང་གི་བཀའ་དྲིན་འོག་ཨ་རི་གཞུང་གི་རོགས་རམ་དང་། རོགས་ཚོགས་གཞན་ཁག་གི་རོགས་རམ་ལས་འཆར་འོག་ད་བར་དགོས་དངུལ་བསྡོམས་ཧིན་སྒོར་འབུམ་ ༦༣༠ སྐོར་ཞིག་གི་ལས་གཞི་ཡོད་པ་ལག་བསྟར་ཚུལ་བཞིན་གནང་དང་གནང་མུས་སུ་ཡོད། དེ་བཞིན་བཙན་བྱོལ་བོད་མིའི་སོ་ནམ་གཟེངས་བསྟོད་ཞེས་བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཁག་ནས་ལོ་འཁོར་ནང་སོ་ནམ་རྩེ་ཕུད་གཉིས་ལ་གཟེངས་བསྟོད་བྱ་དགའ་གསོལ་བསྩལ་གནང་རྒྱུའི་ལས་གཞི་གསར་གཏོད་གནང་མཁན་གཙོ་གྲས་ཁུངས་སུ་ཡོད། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༡ ཉིན་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་དྲག་ཆར་རླུང་ཚུབ་ TITLI རྐྱེན་པས་སོ་ནམ་པའི་སྟོན་འབྲས་དང་སྡོད་ཁང་སོགས་ལ་གོད་ཆག་ཕོག་པར་དོ་བདག་ནང་སྲིད་སྐུ་ཚབ་ཏུ་ཆེད་བསྐྱོད་ཀྱིས་སྐབས་དེར་ཞིབ་འཇུག་ཞུ་དགོས་ལ་མཚོན་མགོ་མཇུག་བར་གསུམ་གྱི་ལས་དོན་ཞུ་དགོས་མཐའ་དག་འགན་ཁུར་འཐུས་ཚང་ཞུས་ཏེ་ས་གནས་ས་ཐོག་ཏུ་གནད་སྨིན་དཀའ་སེལ་སླད་རང་གཞུང་བཀའ་ཤག་དང་ནང་སྲིད་ལས་ཁུངས་གཉིས་ཀྱི་བཀའ་འབྲེལ་ལྟར་རོགས་རམ་ཁག་དུས་ཐོག་བགོ་འགྲེམས་ཞུ་རྒྱུའི་རྐང་འགན་བཞེས་ཡོད། དེ་བཞིན་ནང་སྲིད་ལས་ཁུངས་དང་ཨི་ཊ་ལི་རོགས་ཚོགས་ COSPE མཐོུང་གི་ལས་འཆར་ཐོག་ནང་སྲིད་ལས་ཁུངས་ཀྱི་འབྲེལ་མཐུད་པའི་ལས་འགན་ཞུས་རིང་། སོ་ནམ་གཞིས་ཁག་ནང་སྐྱེ་ལྡན་སོ་ནམ་པའི་ཐོན་སྐྱེད་འཕར་མ་ཕྱིར་ཚོང་སླད་སྐྱེ་ལྡན་མཐོང་ཆེན་ལག་འཁྱེར་དང་འབྲེལ་བའི་ལས་དོན་ཁག་དང་། སོ་ནམ་པ་ཚོས་སྐྱེ་ལྡན་སྲོལ་རྒྱུན་སོ་ནམ་ལམ་སྲོལ་ལ་གོ་རྟོགས་དང་གནས་ཡུལ་རྒྱ་གར་ཞིང་པ་དང་འཕགས་བོད་ཕྱི་རྒྱལ་སློབ་ཕྲུག་རྣམས་ལ་གོ་རྟོགས་ཟབ་སྦྱོང་སྤྲོད་དགོས་པ་སོགས་འཐུས་ཚང་ཞུས་པ་མ་ཟད། བཙན་བྱོལ་བོད་མིའི་སོ་ནམ་ལས་དོན་ཡར་རྒྱས་དང་ཚགས་ཚུད་གོང་སྤེལ། གཞིས་ཆགས་སྲ་བརྟན་དང་རྒྱུན་སྐྱོང་སླད་སོ་ནམ་ཐོག་དོན་གཉེར་བྱེད་མཁན་ཚོར་ཆེ་མཐོང་དང་སྐྱེ་སྲིང་སླད་ཞབས་འདེགས་ཞུས་ཡོད། མདོར་ན་དོ་བདག་གིས་སྲི་ཞུར་བཞུགས་པ་ནས་བཟུང་རང་འཁྲིའི་ལས་འགན་གང་ཅིར་ལྷག་བསམ་ཟོལ་མེད་ཐོག་ལས་འགན་སྒྲུབ་མཁན་ཞིག་ཡིན་པར་སོང་། གཟེངས་རྟགས་ཚོགས་ཆུང་ནས་སྤྱི་མོས་ཐོག་ཕྱི་ལོ་ ༢༠༡༨ ལོའི་འགན་འཛིན་སྡེ་ཚན་གྱི་ལས་བྱེད་ལས་དོན་གཟེངས་རྟགས་འདི་བཞིན་ཁོང་ལ་གནང་རྒྱུའི་ཐག་གཅོད་གནང་བ་ཡིན།
ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་ལས་ཁང་གི་ལས་དྲུང་ལས་དོ་ངག་དབང་ཆོས་ལྡན་ལགས།
ལས་དོ་ངག་དབང་ཆོས་ལྡན་ལགས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༧ ནས་གནས་རྒན་དྲུང་དུ་བསྐོ་གཞག་བྱུང་བ་ནས་བཟུང་རྒྱ་གར་བྱང་ཕྱོགས་མན་ཌི་ས་འགོ་ལས་ཁང་གི་རྩིས་པ་དང་། སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁང་གི་རྩིས་པ་བཅས་ཀྱི་ལས་འགན་ཞུས་ཡོད། ལྷག་པར་དུ་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ས་འགོ་ལས་ཁང་དུ་ཞབས་ཞུ་སྐབས་ས་གནས་འགོ་འཛིན་གྱི་ལས་འགན་ཉིན་གྲངས་ ༦༣ རིང་ཧུར་ཐག་བྱས་ཡོད། ས་གནས་སུ་གཞུང་ཞབས་བགྲེས་ཡོལ་རྣམ་པའི་ལས་ཤག་གསར་རྒྱག་དང་། བོད་ནས་ཕེབས་པའི་རང་རིགས་སྤུན་ཟླ་བཅས་ཀྱི་སྡོད་ཁང་གྲངས་ ༨༠ གསར་རྒྱག་ལས་གཞིའི་ཐོག་དོ་བདག་ནས་མཇུག་སྐྱོང་ཞུ་སྒོ་མཐའ་དག་གང་ལེགས་ཞུས་ཡོད། ཁུལ་དེའི་བོད་མི་ཉམ་ཐག་ཁྱིམ་ཚང་གྲངས་ ༧ སྐོར་ཞིག་ལ་རང་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་མཐུན་འགྱུར་འོག་གསང་སྤྱོད་གསར་རྒྱག་ཞུ་སྒོ་མཐའ་དག་ལེགས་གྲུབ་བྱུང་ཡོད། བདེ་སླར་སི་ཝི་པེ་སཾ་བྷོ་ཊ་སློབ་གྲྭའི་ཁང་པ་བཟོ་བཅོས་དང་། སློབ་གྲྭའི་དཔེ་མཛོད་ཁང་ཉམས་གསོ། འཛིན་ཆས་གསར་ཉོའི་ལས་གཞི་མཐའ་དག་གི་རོགས་རམ་ཐབས་འཚོལ་བྱ་དགོས་རྣམས་ལེགས་གྲུབ་བྱུང་ཡོད། གཞིས་གྲོང་ཁག་བཞིའི་འཐུང་ཆུའི་ལས་གཞི་ཐོག་འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་ནས་རོགས་རམ་གསོལ་བསྩལ་གྱིས་ད་ཆ་འཐུང་ཆུའི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད། བོད་ཀྱི་ཞོ་སྟོན་ཐེངས་ ༢༤ པ་སྐབས་དེར་ས་གནས་སུ་སྲུང་བརྩི་ཞུས་སྐབས་དོ་བདག་ནས་འབྲེལ་མཐུད་པའི་ངོ་བོར་ལས་དོན་ཞུ་སྒོ་ཆ་ཚང་འཐུས་གཙང་གིས་ཞོ་སྟོན་ལེགས་པར་སྲུང་བརྩི་ཞུས་ཐུབ་པ་བྱུང་ཡོད། ས་གནས་སུ་ལུས་སྦྱོང་འཕྲུལ་ཆས་ Outdoor Fitness Equiptments བཅའ་འཛུགས་ལས་གཞིའི་ཐོག་དོ་བདག་ནས་འབད་བརྩོན་གང་ལེགས་གནང་ཡོད། བོད་མིའི་གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ལས་གཞི་ཁོངས་དེ་ག་གཞིས་ཆགས་ཀྱི་འོ་མ་ཚོགས་པའི་ལྟེ་གནས་ལས་ཁུངས་ཡར་རྒྱས་བཏང་དགོས་ལ་རོགས་གྲོགས་ཇི་དགོས་ཆ་ཚང་ཞུས་ཡོད་པ་མ་ཟད། གཞིས་གྲོང་ནང་དུ་ཡོད་པའི་ཉམ་ཐག་ལྟ་རྟོག་བྱ་དགོས་རྒྱུར་མཚོན་མཐུན་འགྱུར་ཇི་དགོས་ཆ་ཚང་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་ལམ་སྟོན་བཞིན་ད་བར་ཞབས་ཞུ་གནང་མུས་ཡིན་པ་རེད། མདོར་ན་ལས་དོ་ངག་དབང་ཆོས་ལྡན་ལགས་ནས་ད་བར་མི་ལོ་ ༡༠ ལྷག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་དོན་བྱ་དགོས་ཆ་ཚང་འཐུས་ཚང་ཞུས་ཡོད་པ་བཅས་ལ་ངོས་འཛིན་གྱིས་འདི་ལོའི་ལས་བྱའི་སྡེ་ཚན་གྱི་གཟེངས་རྟགས་འདི་བཞིན་ཚོགས་ཆུང་ནས་ཁོང་ལ་སྤྱི་མོས་ཐོག་གནང་གཏན་འཁེལ་ཡོད།
གོང་གསལ་སྲི་ཞུའི་ལས་བྱེད་གཉིས་ལ་གཟེངས་རྟགས་འདི་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༦ སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་འབུལ་གཏན་འཁེལ་བ་བཅས། །