ཟླ་བ་ ༧ ཚེས ༡༨ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༨ རེས་གཟའ་ཕུར་བུ།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ཚོུད་ ༧།༣༠ ཐོག་ར་སྦང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་ནས་ཕེབས་ཐོན་གྱིས་ཆུ་ཚོད་ ༡༠ ཙམ་ལ་ཀ་སྦུག་ས་གནས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་དང་། ས་འཐུས་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། ཆོལ་ཁ་གསུམ་གི་ཚོགས་གཙོ། ས་གནས་གཞོན་ནུ་དང་བེུད་ཚོགས་པའི་ཚོགས་གཙོ། གངས་ལྗོངས་ཟློས་གར་གྱི་སྐུ་ཚབ། ཀ་སྦུག་ཁུལ་གྱི་དགོན་སྡེ་ཁག་བཞིའི་སྐུ་ཚབ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བཀའ་བློན་མཆོག་ཀ་སྦུག་གཏན་སློབ་ཏུ་འཚམས་གཟིགས་གནང་སྐབས་སློབ་སྤྱི་དང་། རེག་ཊར། དགེ་རྒན། སློབ་ཕྲུག་བཅས་ནས་ཕེབས་བསུའི་སྣེ་ལན་ཟབ་རྒྱས་ཞུས་ཏེ་འཛིན་གྲྭ་དང་སློབ་གྲྭའི་ཉལ་ཁང་བཅས་ལ་གཟིགས་སྐོར་གནང་། 

དེ་ནས་ཆུ་ཚོད་  ༡༡ ཙམ་ལ་དགེ་ལྡན་ཐར་པ་ཆོས་གླིང་དགོན་དང་། ཀ་སྦུག་འཕགས་བོད་ནང་པའི་རིག་གནས་སློབ་གཉེར་ཁང་གི་སློབ་གྲྭ། ཀ་སྦུག་སྲད་རྒྱུད་གྲྭ་ཚང་། ཀ་སྦུག་ཟེ་དཀར་ཆོས་སྡེ་སྐྱིད་ཚལ་གླིང་། ས་སྐྱ་བརྩེ་ཆེན་དར་རྒྱས་གླིང་དགོན་བཅས་ཀ་སྦུག་ཁུལ་གྱི་སློབ་གྲྭ་ཁག་གཉིས་དང་དགོན་ཁག་བཞི་བཅས་ལ་འཚམས་གཟིགས་དང་གནས་མཇལ་ཞུས།

ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ཀ་སྦུག་མ་ཎི་ལྷ་ཁང་གི་ཚོགས་ཁང་དུ་ས་གནས་འགོ་འཛིན་གྱིས་གཙོས་ཚོགས་པ་ཁག་གི་སྐུ་ཚབ་དང་། མི་མང་བཅས་མི་གྲངས་ ༦༠ ལྷག་འདུ་འཛོམས་ཐོག་བཀའ་བློན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་འབྲེལ་བདེ་སྲུང་ལས་ཁུངས་ཀྱི་ལས་དོན་ཁག་ངོ་སྤྲོད་དང་། དེ་བཞིན་བོད་ཕྱི་ནང་གི་གནས་སྟངས་སོགས་ཀྱི་སྐོར་གསུང་བཤད་གནང་གྲུབ་མཚམས་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གནང་། 

ཕྱོགས་མཚུངས་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཚོུད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་སྐུ་སྲུང་སྣེ་ཤན་ཟུར་པ་ཉི་མ་དབང་འདུས་ལགས་དང་མཇལ་འཕྲད་གནང་རྗེས་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ལ་འཚམས་འདྲི་ཞུས་གནང་ཡོད།

དེ་ནས་ཆུ་ཚོད་ ༡༡།༣༠ ཐོག་ཀ་སྦུག་ནས་ཕེབས་ཐོན་གྱིས་ཆུ་ཚོད་ ༡ ཙམ་ལ་ཨོཌ་ལ་བ་རིར་ཕེབས་འབྱོར་སྐབས་ཁ་ཐོར་མི་མང་འཐུས་མི་ནས་ཕེབས་བསུའི་སྣེ་ལེན་ཞུས་ཏེ་ཚོགས་ཁང་དུ་བཀའ་བློན་མཆོག་ནས་གོང་བཞིན་བོད་མིའི་སྒྲིག་འཛུགས་སྐོར་གསུང་བཤད་དང་སྦྲགས་བོད་ཀྱི་ཐུན་མིན་རིག་གཞུང་སྐད་ཡིག་བཅས་སྲུང་སྐྱོབ་དགོས་པའི་ལམ་སྟོན་གནང་།

དེ་རྗེས་ས་ལུ་སྒར་དུ་ཕེབས་འབྱོར་སྐབས་བཀའ་བློན་མཆོག་ལ་ས་གནས་ཁ་ཐོར་མི་མང་གི་འཐུས་མི་ནས་ཕེབས་བསུའི་སྣེ་ལེན་ཞུས་ཏེ་ཆུ་ཚོད་ ༤ ཐོག་སྲད་རྒྱུད་གྲྭ་ཚང་གི་འདུ་ཁང་དུ་ཀ་སྦུག་ས་གནས་འགོ་འཛིན་དང་། ས་འཐུས། སེར་སྐྱ་མི་མང་ ༣༠ ཙམ་བཅས་ལ་གོང་བཞིན་གསུང་བཤད་གནང་བ་དང་། བོད་མིའི་དབར་འཆམ་མཐུན་དགོས་པའི་ལམ་སྟོན་གནང་རྗེས་དྲི་བ་ཁག་ལ་ལན་འདེབས་གནང་། 

དེ་རྗས་ས་ལུ་སྒར་བཙུན་དགོན་བྱང་ཆུབ་ཆོས་གླིང་མྱུང་གནས་ལྷ་ཁང་དུ་འཚམས་གཟིགས་གནང་སྟེ་ཀ་རྡོར་སྒང་གསུམ་ཁུལ་གྱི་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད་པ་བཅས། །

Share with your friends










Submit