ཟླ་བ་ ༧ ཚེས ༡༡ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༡ རེས་གཟའ་ཕུར་བུ། 

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༩ ལོའི་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་མ་དངུལ་གྱི་མཐའ་མའི་འདེམས་སྒྲུག་ཆེད་སྙན་འབུལ་བ་རྣམས་ཀྱི་ངོ་འཕྲད་འདྲི་གླེང་དབུ་འཛུགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཚོགས་མི་ལྔ་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་གིས་རྡ་ས་ཉེ་འཁྲིས་སུ་གནས་སྡོད་སྙན་འབུལ་བ་རྣམས་ལ་ངོ་འཕྲད་འདྲི་གླེང་གནང་ཡོད་པ་དང་། ཕྱི་ཚེས་ ༡༢ ཉིན་ཕྱོགས་མཐའ་ཁག་ཏུ་ཡོད་པའི་སྙན་འབུལ་བ་རྣམས་ལ་ཁ་པར་ཐོག་དྲི་བ་དྲིས་ལན་གནང་རྒྱུ་ཡིན།

ཐེངས་འདིར་སྙན་འབུལ་བ་ཁྱོན་བསྡོམས་ ༢༥ བྱུང་ཡོད་པ་དང་། ཁོང་རྣམས་ནས་ཉམས་ཞིབ་དང་། འགྲེམས་སྟོན། དངོས་བྱུང་གློག་བརྙན་བཟོ་སྐྲུན། སྒྲ་སྒྱུར་སོགས་ཀྱི་ལས་འཆར་ཕུལ་ཡོད།

སྤྱིར་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་མ་དངུལ་གྱི་ལས་འཆར་ནི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་། དེང་རབས་བོད་ཀྱི་བཟོ་རིག་སྒྱུ་རྩལ་རྒྱུན་འཛིན་དང་གོང་སྤེལ་སླད། བོད་ཀྱི་རིག་གཞུང་དང་། སྐད་ཡིག སྒྱུ་རྩལ་ཁོ་ནའི་ལས་འཆར་ཐོག་ཞབས་འདེགས་ཞུ་མཁན་ནམ་ལས་འཆར་འདྲ་མིན་སྤེལ་མཁན་ཚོགས་སྒེར་ཁག་ལ་རོགས་དངུལ་ཧིན་སྒོར་ཁྲི་ལྔ་ནས་འབུམ་གསུམ་བར་རམ་འདེགས་ཞུ་ཕྱིར་ཡིན་པ་དང་། ལས་གཞི་འདིའི་ཆེད་ཨ་རིའི་རོགས་ཚོགས་ USAID ནས་དཔལ་འབྱོར་མཐུན་འགྱུར་གནང་བ་བཅས། །

Share with your friends










Submit