ཟླ་བ་ ༧ ཚེས ༢༠ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༠ རེས་གཟའ་སྤེན་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༠ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཙམ་ལ་བཀའ་ཤག་ཚོགས་ཁང་དུ་ཨ་རི་དང་། ཁེ་ན་ཌ། ཕ་རན་སི། སུད་སི། ཨོ་སི་ཊི་ཡ་བཅས་ནས་དབྱར་ཁའི་གུང་གསེང་དང་སྟབས་བསྟུན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ལ་བོད་ཡིག་སྦྱང་དུ་བསླེབས་པའི་བོད་རིགས་སློབ་ཕྲུག་གྲངས་ ༣༢ ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་གནས་སྟངས་སྐོར་སྤྱི་དང་།  ལྷག་པར་བོད་མིའི་སྒྲིག་འཛུགས་ནི་ཧ་ཅང་ཚགས་ཚུད་པོ་ཡོད་སྟབས་སློབ་མ་རྣམས་ནས་སྤོབས་པ་བྱེད་དགོས་སྐོར།

དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་གནས་སྟངས་ལ་མཚོན་ནའང་འཛམ་གླིང་ནང་གི་བཙན་བྱོལ་བ་གཞན་དང་བསྡུར་ན་ཧ་ཅང་ཡག་པོ་ཡོད་པ། སློབ་ཕྲུག་རྣམས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དུས་ནམ་ཡང་མ་བརྗེད་པའི་ཐོག་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་ལ་སོགས་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་སློབ་ཕྲུག་རྣམས་ནས་དུས་རྒྱུན་དུ་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་མི་དང་ལྷན་འབྲེལ་བ་དམ་ཟབ་དང་མཐུན་སྒྲིལ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཡང་སོ་སོའི་མི་རིགས་ཀྱི་ངོ་བོ་ནམ་ཡང་བརླག་འཇུག་རྒྱུ་མེད། བོད་མིའི་ངོ་བོ་དང་། མི་རིགས་ལ་གདེང་སྤོབས་ཆེན་པོ་བྱེད་དགོས། ཞེས་དང་།

ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་རང་ཉིད་ཀྱང་རྒྱ་གར་བྱང་ཤར་ས་ཁུལ་གྱི་བོད་མིའི་གཞིས་ཆགས་ཆུང་ཆུང་ཞིག་གི་ནང་འཚར་ལོངས་བྱུང་སྟེ། རིམ་བཞིན་སློབ་སྦྱོང་ཐོག་དཀའ་ལས་བརྒྱབ་ནས་ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཆགས་ཐུབ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་ཞིབ་རྒྱས་གནང་ཡོད་པ་བཅས། །

Share with your friends










Submit