ཟླ་བ་ ༧ ཚེས ༡༥ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༥ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༢ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨི་ཊ་ལིའི་བྱང་ཕྱོགས་སུ་ཆགས་པའི་རོ་སྦི་རི་ཊོ་ Rovereto  གྲོང་ཁྱེར་ནང་དེ་སྔ་དམག་ཆེན་གཉིས་པའི་སྐབས་སུ་དམག་མཚམས་བཞག་ནས་ཞི་བདེ་གོང་སྤེལ་གྱི་མཚོན་དོན་རྗེས་དྲན་གྱི་དྲིལ་བུ་ཞིག་ཡོད་པ་དེར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་་ཀྱི་གཞུང་འབྲེལ་མཛད་སྒོ་ཞིག་ཚོགས་གནང་ཡོད་པ་དེར་མཉམ་ཞུགས་གནང་འདུག 

དེ་ཡང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོའི་ཐོག་ཨི་ཊ་ལིའི་གྲོས་ཚོགས་གོང་མི་འཐུས་མི་སྐུ་ཞབས་ཨལ་བྷར་ཌོ་རཱོ་བྷོལ་ Alberto Robol མཆོག་དང་། གྲོང་སྡེ་སྤྱི་ཁྱབ་པ་ཕ་རན་སི་ཀ་ཝལ་ཌུ་ཀ་ Francesca Valduga མཆོག བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Roberto Pintor མཆོག་མཉམ་ཞུགས་གནང་ཡོད། 

སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཨི་ཊ་ལི་ཊེ་རན་ཏོའི Trento རང་སྐྱོང་མངའ་ཁུལ་ནས་སྙིང་སྟོབས་ཆེན་པོས་བོད་ཀྱི་རྒྱལ་དར་གཏན་འཇགས་སྒྲེང་འཛུགས་གནང་བ་ནི་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན། ཞེས་དང་། བོད་ནང་མཚོན་ན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ནི་རྒྱ་ནག་གཞུང་གིས་ཁྲིམས་འགལ་རྩི་བཞིན་ཡོད། ཅེས་སོགས་གསུང་། 

མཛད་སྒོའི་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་གནང་ཡོད་པ་མ་ཟད།  བོད་ཀྱི་རྒྱལ་དར་དེ་བཞིན་རྒྱལ་ཁབ་ ༩༦ ཡི་རྒྱལ་དར་དང་ལྷན་གཏན་འཛུགས་གནང་རྒྱུ་ཡིན་འདུག

དེ་ཉིན་ཊེ་རེན་ཏོའི་སྲིད་འཛིན་གཞོན་པ་སྐུ་ཞབས་ཨ་ལེ་སན་ཏོ་རོ་ཨོ་ལི་ཝི་མཆོག Alessandro Olivi མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ཁོང་གི་ལས་ཁུངས་སུ་གཞུང་འབྲེལ་ཕེབས་བསུ་ཞུས་གནང་འདུག 

སྤྱིར་ཕྱི་ལོ་ ༢༠༠༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་དེར་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས། །

Share with your friends










Submit