ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡ རེས་གཟའ་ཟླ་བ།
༄༅། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨིན་ཡུལ་ནང་རྟེན་གཞི་བྱས་པའི་ཨིན་ཇིའི་བྷི་བྷི་ BBC གསར་འགོད་པ་ལྕམ་ཛེ་ནབ་བྷ་ད་ཝི་ Zeinab Badawi ལགས་ཀྱི་བཅར་འདྲི་དང་ལེན་གནང་འདུག
གསར་འགོད་པས། ལོ་ངོ་དྲུག་ཅུའི་སྔོན་གྱི་གན་ལོག་དེར་བོད་མི་ཚོས་ཕྱིར་དྲན་ཇི་ལྟར་བྱེད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྐབས་དེར་བོད་མི་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་མིའི་དམག་མི་ལས་ཉེན་གཡོལ་སྲུང་སྐྱོབ་ཆེད། ལྷ་སར་མ་གྲོས་བསམ་པ་གཅིག་མཐུན་གྱིས་འཛོམས་སྐབས་རྒྱ་མིས་མེ་མདའ་སོགས་བརྒྱབ་ནས་བོད་མི་སྟོང་ཕྲག་མང་པོ་དམར་གསོད་བཏང་ཡོད། རྒྱ་ནག་གཞུང་རང་གི་དམག་མིའི་ཡིག་ཆའི་ནང་གསལ་ལྟར་ན། ཕྱི་ལོ་ ༡༩༥༩ ཟླ་ ༣ ནས་ ༩ བར་བོད་མི་སྟོང་ཕྲག་བརྒྱད་ཅུ་གྱ་བདུན་དམར་གསོད་བཏང་བ་གསལ་ཡོད། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་གྱི་མཚན་དཀྱིལ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་ཡོད། ལོ་ངོ་དྲུག་ཅུ་དེའི་རིང་གཞིས་སུ་དྲག་གནོན་དང་དཀའ་སྡུག་ཆེ་བའི་དུས་སྐབས་ཤིག་ཡིན་ཞིང་། བྱེས་ལ་མཚོན་ན་བཙན་བྱོལ་བའི་གནས་སྟངས་འོག ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་སྒོ་ནས་འཐབ་རྩོད་སྲ་བརྟན་ལམ་ལྷོངས་ལྡན་པ་བྱུང་ཡོད། དེ་ལྟར་ཡོང་ཐུབ་པ་དེ་གཙོ་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་ལམ་སྟོན་འོག ང་ཚོས་མང་གཙོའི་སྒྲིག་འཛུགས་ཧྲ་ཏག་ཏག་ཅིག་འོག གྲོས་ཚོགས་དང་འཛིན་སྐྱོང་བཀའ་ཤག ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་མང་གཙོའི་ཀ་བ་གསུམ་ཐོག་ནས་ལས་དོན་ཚགས་ཚུད་སྤེལ་བཞིན་ཡོད།
གསར་འགོད་པས། འཛམ་གླིང་ཁྱོན་དུ་བོད་མི་བཙན་བྱོལ་བ་འབུམ་གཉིས་ཙམ་ཡོད་པ་ཚོས་བཙན་བྱོལ་སྤྱི་ཚོགས་ནང་གསུམ་དུས་སྲུང་བརྩི་ཇི་ལྟར་ཞུ་བཞིན་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། འདི་ལོར་མཚོན་ན་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ང་ཚོས་བོད་མི་རྣམས་བཙན་བྱོལ་བ་ཆགས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་ཉིན་མོར་སྲུང་བརྩི་ཞུས་ཡོད། བོད་མི་སྟོང་ཕྲག་མང་པོས་བོད་དེ་བོད་མིའི་ཡིན། རྒྱ་དམར་བོད་ནས་ཕར་རྒྱུག་ཅིག ཅེས་ཞི་རྒོལ་རྔམ་སྟོན་བྱེད་མཁན་ཁྲོད་མེ་མདའ་སོགས་བརྒྱབ་པར་བརྟེན། བོད་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་རེད། དེར་བརྟེན་དུས་ཚིགས་དེ་ནི་ལོ་རྒྱུས་ཀྱི་དཀྱོག་མཚམས་གལ་ཆེ་ཞིག་ཡིན། བོད་ལ་མཚོན་ན་རང་བཙན་ཤོར་ནས་རྒྱ་ནག་གི་དབང་སྒྱུར་འོག་ཚུད་པ་རེད།
གསར་འགོད་པས། ད་ཆ་ཁྱེད་ཚོའི་མངོན་འདོད་ངོ་མ་དེ་གང་རེད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། འཛམ་གླིང་ཁྱོན་དུ་རྒྱལ་ཁབ་ཚོས་རྒྱ་ནག་གཅིག་གི་སྲིས་བྱུས་ལ་ངོས་འཛིན་བྱེད་བཞིན་པ་མ་ཟད། རྒྱ་ནག་གཞུང་ནས་ཀྱང་རྒྱ་ནག་གི་ས་ཁྱོན་ཆིག་སྒྲིལ་གྱི་བདག་དབང་ཐད་བསམ་ཤེས་བྱེད་ཐབས་མེད་སྐོར་བཤད་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་། རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་རྩོད་གནང་མཛད་བཞིན་ཡོད།
གསར་འགོད་པས། ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བ་ཞིག་ཡོད་པ་དེས་མ་ལྡང་པ་རེད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། དེ་བདེན་པ་རེད། བོད་རང་སྐྱོང་ལྗོངས་ཞེས་ཤོག་བུའི་སྟེང་འཁོད་པ་ཙམ་ལས་དོན་དངོས་བོད་མི་ཚོར་དབང་ཆ་གང་ཡང་མེད། དེར་བརྟེན་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་བ་ལྟར། བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་སྤྲད་དགོས། དབུ་མའི་ལམ་གྱི་མངོན་འདོད་ཡང་དེ་རང་རེད། སྤྱིར་དབུ་མའི་ལམ་ནི། རང་བཙན་གྱི་མཐའ་དང་། ད་ལྟ་བོད་ནང་དུ་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་གནས་རྒྱུའི་མཐའ་གཉིས་བྲལ་བ་ཞིག་རྩོད་བཞིན་ཡོད།
གསར་འགོད་པས། ལྔ་དང་ལྔ་བཅུའི་འཐབ་བྱུས་ཟེར་བ་དེ་གང་རེད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་ལོ་ལྔའི་ནང་ཚུད་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྲོས་མོལ་བརྒྱུད། བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱ་རྒྱུ་དེ་རེད། ཕྱོགས་མཚུངས་ཅི་སྟེ་ང་ཚོ་བོད་དུ་ཕྱིར་ལོག་མ་ཐུབ་པར་བཙན་བྱོལ་ནང་ལོ་ངོ་ལྔ་བཅུ་འགོར་ཡང་། གཞིས་ཞུགས་བོད་མི་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ། དེ་བཞིན་རྒྱ་རིགས་མང་ཚོགས་དང་འབྲེལ་བ་མུ་མཐུད་ནས་ཁོང་ཚོར་བོད་མིའི་དཀའ་ངལ་དང་། བོད་མིའི་མངོན་འདོད་ངོ་མ་གང་ཡིན་ཤེས་རྟོགས་ཐུབ་པ་བཟོ་རྒྱུ་དེ་རེད།
གསར་འགོད་པས། ཕུགས་རྒྱང་རིང་པོའི་འཆར་གཞི་རེད་འདུག
དཔལ་ལྡན་སྲིད་སྐྱོང་མཆོག་གིས། འཕྲལ་ཕུགས་ཀྱི་འཆར་གཞི་གཉིས་ཀ་རེད།
གསར་འགོད་པས། གཉིས་ཀར་ལག་བསྟར་ཐུབ་བམ། རྒྱ་ནག་གཞུང་ལ་ཕུགས་རྒྱང་རིང་པོའི་འཆར་གཞི་ཡོད་པ་དེར་ཁྱེད་ཚོས་གདོང་ལེན་བྱེདཐུབ་བམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། དེ་དངོས་བདེན་རེད། ང་ཚོར་ལོ་ལྔའི་རིང་གང་བྱེད་དགོས་མིན་འཕྲལ་གྱི་འཐབ་བྱུས་ཀྱང་ཡོད་པ་རེད།
གསར་འགོད་པས། ལྔ་བཅུ་བརྗོད་སྐབས། རྒྱ་ནག་གཞུང་ལ་འདམ་ག་སྤྲད་པ་ཞིག་མ་རེད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ང་ཚོས་རྒྱ་ནག་གཞུང་ལ་འདམ་ག་སྤྲད་ཀྱི་མེད། གང་ཡིན་བརྗོད་ན། གལ་ཏེ་ཁྱེད་ཀྱིས་ཉམས་ཞིབ་ཡག་པོ་ཞིག་གནང་བ་ཡིན་ན། དམག་ཆེན་གཉིས་པའི་སྐབས་རྒྱལ་ས་ལོན་ཌོན་འདིའི་ནང་དུའང་བཙན་བྱོལ་གཞུང་འཛུགས་མཁན་དེ་འདྲ་མང་པོ་བྱུང་ཡོད། འོན་ཀྱང་རིམ་བཞིན་བཙན་བྱོལ་གཞུང་དེ་དག་ཐོར་ནས་ནུས་མེད་ཆགས་ཡོད། དེར་བརྟེན་ང་ཚོས་ལོ་ལྔ་བཅུ་བརྗོད་སྐབས། དེའི་རིང་བོད་དོན་བདེན་མཐའ་མ་གསལ་ཡང་བོད་ནང་དུ་བོད་མིའི་ཆོས་དང་རིག་གཞུང་མུ་མཐུད་གནས་ཐབས་ཆེད་བྱེད་རྒྱུ་དེ་རེད།
གསར་འགོད་པས། ད་ལྟའི་ཆར་ཡོངས་གྲགས་མིན་པའི་ཐོག་ནས་བོད་རྒྱ་འབྲེལ་མོལ་གནང་བཞིན་ཡོད་དམ། གང་ཡིན་བརྗོད་ན་ཡོངས་གྲགས་སུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་འབྲེལ་མོལ་མ་གནང་ནས་ད་ཆ་ལོ་ངོ་བཅུ་ཙམ་སོང་བཞིན་འདུག
དཔལ་ལྡན་སྲིད་སྐྱོང་མཆོག་གིས། དེ་བདེན་པ་རེད། བོད་རྒྱ་འབྲེལ་མོལ་མཐའ་མ་དེ་ཕྱི་ལོ་ ༢༠༡༠ ཟླ་ ༡ ནང་རེད། འོན་ཀྱང་ཡོངས་གྲགས་མིན་པའི་ཐོག་ནས་ཡོང་བཞིན་ཡོད། དེང་སྐབས་རྒྱ་ནག་ལ་མཚོན་ན་ནང་པ་ས་ཡ་གསུམ་བརྒྱ་ཙམ་ཡོད་པ་བཤད་ཀྱི་ཡོད། ནང་པ་མང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཆགས་ཡོད། དེ་ཁྲོད་མང་པོ་ཞིག་གིས་ང་ཚོར་རྒྱབ་སྐྱོར་གནང་གི་ཡོད། རྒྱ་ནག་གཞུང་དང་འབྲེལ་ཡོད་ཁག་གཅིག་དང་ལྷན་འབྲེལ་ལམ་ཡོད།
གསར་འགོད་པས། གཞུང་འབྲེལ་མིན་པའི་འབྲེལ་ལམ་དེར་ནུས་པ་གང་ཡང་ཐོན་རྒྱུ་མ་རེད། འབྲེལ་བ་ཡོད་བརྗོད་རྒྱུ་མ་གཏོགས་གྲུབ་འབྲས་མེད་ན། དགོས་དམིགས་གཙོ་བོ་དེ་མ་བསྒྲུབ་པ་མ་རེད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། མ་རེད། ང་ཚོས་གྲུབ་འབྲས་ལག་གསོན་ཐུབ་པ་ཞིག་ལ་རེ་བ་རྒྱག་བཞིན་ཡོད། ང་ཚོས་ངོས་ནས་ལྷག་བསམ་རྣམ་དག་ཐོག་ནས་འབྲེལ་བ་བྱེད་འདོད་ཡོད། རྒྱ་ནག་གཞུང་གིས་མོས་མཐུན་གནང་ཚེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ངོས་ནས་རྒྱ་ནག་གི་གནས་དུས་ཇི་འདྲ་ཞིག་འོག་འབྲེལ་མོལ་བྱེད་ཀྱང་གྲ་སྒྲིག་ཡོད།
གསར་འགོད་པས། རྒྱ་ནག་གཞུང་གིས་མུ་མཐུད་ཏཱ་ལའི་བླ་མ་ཁ་བྲལ་བའི་འགོ་གཙོ་རེད་ཟེར་གྱི་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་མིའི་ཐོག་དམ་བསྒྲགས་བྱས་པ་དེར་གྲུབ་འབྲས་ཐོན་རྒྱུ་གང་ཡང་མེད། དེར་བརྟེན་ད་ཆ་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་བློ་རྣལ་དུ་ཕབ་ནས་མནོ་བསམ་ཡག་པོ་ཐོངས་དགོས། བོད་མིའི་དཀའ་ངལ་སེལ་དགོས། དངོས་ཡོད་ཐབས་ལམ་གང་འདུག དེའི་ཐོག་བསམ་བློ་གཏོང་དགོས། བྱང་ཕྱོགས་ཨ་ཡིར་ལེནྜིའི་ནང་དཀའ་ངལ་དེ་མཚུངས་འཕྲད་ཀྱང་མཐར་གྲོས་མཐུན་བྱུང་ཡོད། མི་མང་པོ་ཞིག་གིས་གྲུབ་འབྲས་ཐོན་རྒྱུར་རེ་བ་བྱས་མེད།
གསར་འགོད་པས། ཁྱེད་རང་གིས་བོད་མིའི་ཐོག་དམ་བསྒྲགས་བྱས་པ་གསུངས་སོང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པས་སྔ་ལོར་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་གསུངས་ཡོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཀྱང་འདས་པའི་ལོ་ངོ་བཅུ་ཙམ་རིང་བོད་ནང་དུ་བོད་མི་ ༡༥༠ རང་སྲེག་ལས་འགུལ་སྤེལ་ནས་པེ་ཅིང་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་བྱས་ཡོད། རང་སྲེག་ལས་འགུལ་མཚམས་འཇོག་ཡོང་སླད་བྱེད་ཐབས་གང་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ངས་གཞིས་བཞུགས་བོད་མི་ཚོར་རང་སྲེག་ལས་འགུལ་སྤེལ་མ་གནང་རོགས། ཞེས་ཧ་ཅང་ཁ་གསལ་པོའི་ཐོག་འབོད་སྐུལ་ཞུས་ཡོད། མི་སུ་ཡིན་རུང་ཚེ་སྲོག་ནི་ཧ་ཅང་རྩ་ཆེན་པོ་རེད། འཆི་བ་ལས་གསོན་པོར་གནས་ནས་རྒྱ་ནག་གཞུང་གི་དམ་བསྒྲགས་ལ་གདོང་ལེན་བྱེད་ན་ནུས་པ་ཆེ། ངས་འབོད་སྐུལ་ཞུས་ཀྱང་རང་སྲེག་ལས་འགུལ་མུ་མཐུད་སྤེལ་བཞིན་འདུག བློ་ཕམ་ཧ་ཅང་ཡོང་གི་འདུག འོན་ཀྱང་གཞིས་བཞུགས་བོད་མི་ཚོ་འུ་ཐུག་ཐབས་ཟད་རེད། བོད་ཀྱི་གྲོང་ཁྱེར་ཆེ་ཆུང་ཁག་གི་སྲང་ལམ་དུ་ངོ་རྒོལ་རྔམ་སྟོན་བྱས་ཚེ་ལམ་སང་རྒྱ་མིས་འཛིན་བཟུང་བཀག་ཉར་འོག་བོད་མི་དེ་དག་ལ་སྡུག་སྦྱོར་མནར་གཅོད་ཧ་ཅང་འོག་བོད་མི་མང་པོ་ཞིག་འདས་གྲོངས་སུ་གྱུར་བ་རེད། དེར་བརྟེན་བོད་མི་ཚོས་རྒྱ་ནག་གི་འཛིན་བཟུང་བཙོན་འཇུག་འོག་དཀའ་སྡུག་མྱངས་པ་ལས། རང་སྲེག་ལམ་ནས་ཤི་ན་རང་དང་ནང་མི་ཚོ་ལའང་དཀའ་ངལ་ཆུང་བ་ཡོད་པར་ཡིད་ཆེས་བྱས་ནས་ལས་འགུལ་དེ་ལྟར་སྤེལ་བ་རེད། ཨ་རིར་རྟེན་གཞི་བྱས་པའི་རང་དབང་ཁང་པའི་ལོ་གསུམ་བསྟུས་མར་སྙན་ཐོའི་ནང་འཛམ་གླིང་ནང་དམ་བསྒྲགས་ཆེ་ཤོས་ཀྱི་ས་ཁུལ་ཨང་དང་པོ་སི་རི་ཡ་དང་གཉིས་པ་བོད་ཡིན་པ་བཀོད་ཡོད།
གསར་འགོད་པས། རང་སྲེག་ལས་འགུལ་སྤེལ་མཁན་རྣམས་རྒན་གྲས་ཡིན་ནམ་ན་གཞོན་ཡིན། དེ་ཁྲོད་ཁྱེད་རང་ལ་དམིགས་བསལ་སེམས་ཚོར་དྲག་པོ་དེ་འདྲ་བྱུང་ངམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། རང་སྲེག་ལས་འགུལ་སྤེལ་མཁན་བརྒྱ་ཆ་བདུན་ཅུ་གཞོན་སྐྱེས་རེད། ལོ་ན་ ༡༦ ནས་ ༢༠ བར་རེད། ཁོང་ཚོས་རང་སྲེག་སྐབས་བོད་ལ་རང་དབང་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། བོད་མི་ཚོ་ལའང་འགྲོ་བ་མི་རིགས་གཞན་དང་འདྲ་བར་གཞི་རྩའི་ཐོབ་ཐང་དགོས་པ་བརྗོད་ཀྱི་ཡོད། བོད་མི་དེ་དག་གི་མངོན་འདོད་ནི་རྒྱ་ནག་གཞུང་གིས་ཁས་ལེན་བྱས་མ་ཐུབ་པ་གང་ཡང་མེད། དེ་ལྟར་ནའང་རྒྱ་ནག་གཞུང་གིས་དངོས་ཡོད་བོད་མིའི་དཀའ་ངལ་ལ་བསམ་བློ་མ་བཏང་བར་དམ་བསྒྲགས་བྱས་པ་དེས་ཁུངས་འཁྱོལ་ཐབས་མེད་བཞིན་དུ་མུ་མཐུད་དམ་བསྒྲགས་བྱེད་བཞིན་ཡོད།
ཕྱོགས་མཚུངས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་བོད་དོན་ཐད་ཤུགས་ཆེ་ཙམ་གསུང་དགོས་པ་ཞིག་རེད། འོན་ཀྱང་བོད་ནང་གི་དངོས་ཡོད་གནས་སྟངས་ཕྱིར་གྲགས་བྱ་རྒྱུར་རྒྱ་ནག་གཞུང་གིས་དམ་བསྒྲགས་ཧ་ཅང་བྱས་རྐྱེན་གནས་ཚུལ་ངོ་མ་ཕྱི་ལ་ཁྱབ་མ་ཐུབ་པ་རེད། གསར་འགོད་པ་ཚོ་བོད་ནང་དམ་བསྒྲགས་མེད་པའི་ཐོག་ནས་འགྲོ་བསྐྱོད་ཀྱི་རང་དབང་སྤྲད་ཀྱི་མེད།
གསར་འགོད་པས། ཉེ་ལམ་ཨ་རིའི་གཞུང་གིས་ཨ་རིའི་མི་སེར་དང་གཞུང་གི་ལས་བྱེད། ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་འགྲོ་འོང་གི་ཐོབ་ཐང་འདྲ་མཉམ་དགོས་པའི་ཁྲིམས་གསར་གཏན་འབེབས་གནང་ཡོད་སྟབས་གནས་སྟངས་ཡར་རྒྱས་འགྲོ་རྒྱུའི་རེ་བ་ཡོད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། དེ་བདེན་པ་རེད། ཁྲིམས་དེ་གཏན་འབེབས་བྱས་རྗེས་རྒྱ་ནག་གཞུང་གི་རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་པ་མཆོག་དང་མི་ ༣༠ ལས་གྲུབ་པའི་ཚོགས་ཆུང་ཞིག་བོད་ནང་ཕེབས་བཅུག་ཡོད། ད་ལྟ་འགོ་འཛུགས་མ་ཐག་རེད། ཨིན་ཡུལ་གྱིས་མཚོན་རྒྱལ་ཁབ་གཞན་གྱིས་ཁྲིམས་དེ་ལྟར་གཏན་འབེབས་གནང་རོགས།
གསར་འགོད་པས། ང་ཚོས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དཔེར་ན་ཡུ་གུར་གི་གནས་ཚུལ་ཕྱིར་གྲགས་ཤུགས་ཆེ་བྱས་པ་མ་གཏོགས་བོད་ནང་གི་གནས་ཚུལ་དེ་ཙམ་བརྒྱུད་བསྒྲགས་བྱེད་ཀྱི་མེད་པ་ཁྱེད་ཀྱིས་གསུངས་བྱུང་། ད་ལྟ་ཡུ་གུར་ནང་རྒྱ་ནག་གཞུང་གིས་བཤད་པ་ལྟར་བོད་ནང་སྦྱོང་བརྡར་ཁང་ཟེར་བ་དེ་འདྲ་ཡོད་རེད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ད་ལྟ་ཡུ་གུར་ནང་ཡོད་པའི་འགོ་གཙོ་ཁོ་པ་དེ་སྔ་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་ཡིན་སྟབས་བྱུས་འགོད་པ་དེ་རང་འཇགས་རེད། ཁོ་པས་བོད་ནང་དུའང་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེ་མཚུངས་ལོ་ལྔའི་རིང་ལག་བསྟར་བྱས་པ་རེད། ཡུ་གུར་ལྟར་ཆེན་པོ་མེད་ཀྱང་བོད་ནང་དུའང་སློབ་གསོ་ཁང་ཟེར་བ་དེ་འདྲ་ཡོད་པ་རེད། དོན་དངོས་ནི་དེ་ཚོ་ངལ་རྩོལ་བསྒྱུར་བཀོད་དང་། དམ་བསྒྲགས་བཀག་དཀྱིལ་ཁང་ཤ་སྟག་རེད། བོད་མི་མང་པོ་བཀག་བསྐྱིལ་ཁང་ནང་བཅུག་ནས་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་བཞིན་ཡོད།
གསར་འགོད་པས། བོད་མི་མང་པོ་དམ་བསྒྲགས་བཀག་བསྐྱིལ་བྱས་པ་གསུངས་སོང་། གྲངས་ཚད་ག་ཚོད་ཙམ་ཡོད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ད་ལྟ་གྲངས་འདི་ཙམ་ཡོད་ཅེས་ཏག་ཏག་ཞུ་ཚོད་མ་ཐིག ཡུ་གུར་ནང་ལ་མཚོན་ནའང་མི་གྲངས་ཚོད་དཔག་བྱས་ནས་འགྲོ་བཞིན་ཡོད། ཡུ་གུར་བ་ཚོས་ཟེར་ན་མི་ས་ཡ་གཅིག་གམ་དེ་ལས་མང་པ་ཡོད་སྐོར་བཤད་ཀྱི་ཡོད། ང་ཚོས་བོད་མི་ཆབ་སྲིད་བཙོན་པ་སྟོང་ཕྲག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད།
གསར་འགོད་པས། རྒྱ་ནག་ལ་མཚོན་ན་དེང་སྐབས་རྒྱལ་སྤྱིའི་ཁྱོན་དུ་ཆབ་སྲིད་དང་དཔལ་འབྱོར་གང་གི་ཐོག་ནས་སྟོབས་ཤུགས་ཇེ་ཆེར་རྒྱས་བཞིན་པ་རེད། སྲིད་འཛིན་ཞི་ཅིན་པིང་ལ་མཚོན་ན། མི་མང་པོས་ཁོ་པ་གཅིག་བསྡུས་དབང་འཛིན་པ་ཡིན་པ་བཤད་བཞིན་ཡོད། དེ་སྔ་ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མའི་ Barack Obama སྐབས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ས་ར་སེ་ཝལ་ Sarah Sewall མཆོག་གིས་གསུངས་པ་ལྟར། དེང་སྐབས་སྲིད་གཞུང་མང་པོས་དེ་སྔ་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཡིན་ཡང་ད་ཆ་གཡོལ་ཐབས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་གསུངས་ཡོད། ལྕམ་སྐུ་མཆོག་གིས་བཅར་འདྲི་ཞིག་སྐབས་གསུང་དོན་ ” རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཡིན་པ་དེར་སུ་གང་གིས་སྙོན་དུ་མེད། དེར་བརྟེན་རྒྱ་ནག་གི་ཕྱོགས་སུ་འགྲོ་བ་ལས་བོད་ཕྱོགས་སུ་མི་འགྲོ་”ཅེས་བཤད་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱལ་ཁབ་འགའ་ཤས་ཡོད། ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་མིའི་ཁོངས་སུ་རྒྱལ་ཁབ་ ༢༨ ཡོད་པ་ཚོའང་ནང་ཕན་ཚུན་མི་མཐུན་པ་ཡོད། ཡུ་རོབ་སྤྱི་མཐུན་ཚོགས་པའི་ནང་རྒྱལ་ཁབ་ ༡༦ ཁར་ཨི་ཊ་ལི་གསར་སྣོན་བྱས་ན་ ༡༧ ཡོད་པ་དེ་ཚོས་ཡུ་རོབ་སྤྱི་མཐུན་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས། རྒྱ་ནག་ཕྱོགས་སུ་འོས་འཕེན་པ་མ་གཏོགས་བོད་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། ད་ཆ་ང་ཚོས་བྱེད་ཐུབ་པ་ནི། མང་གཙོའི་རྒྱལ་ཁབ་ཚང་མར། གལ་ཏེ་འགྲོ་བ་མིའི་ཐོབ་ཐང་དང་འཚེ་མེད་ཞི་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ན། བོད་མི་ཚོར་ཡང་ཁ་ཞེ་གཉིས་མེད་ཐོག་ནས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་དང་སྦྲགས་གོ་རྟོགས་ལས་འགུལ་ཤུགས་ཆེ་ཙམ་སྤེལ་རྒྱུ་རེད།
གསར་འགོད་པས། རྒྱ་གར་ཚུན་ཆད་ཀྱང་བོད་དོན་ཐོག་རྒྱབ་སྐྱོར་གནང་གི་མེད་པ་ལྟ་བུ་འདུག ཨ་རིར་རྟེན་གཞི་བྱས་པའི་ཇེམ་སི་ཅལ་སི་ཉམས་ཞིབ་བསྟི་གནས་ཁང་ James Charles Foundation གིས་སྙན་ཐོ་བཏོན་པ་ལྟར་ན། སྤྱིར་སྟངས་རྒྱ་གར་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ལས་རྒྱ་ནག་དང་འབྲེལ་བ་རྒྱུན་སྐྱོང་བྱ་རྒྱུ་དེ་གལ་ཆེ་བར་རྩི་བཞིན་ཡོད། ཁྱེད་ཚོའི་གནས་པོ་རྒྱ་གར་རེད། གནས་པོས་རྒྱབ་སྐྱོར་བྱེད་ཀྱི་མེད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། དེ་འདྲ་མ་རེད། བོད་མིར་རྒྱབ་སྐྱོར་མང་ཤོས་བྱེད་མཁན་རྒྱ་གར་རེད། བོད་མིའི་སྒྲིག་འཛུགས་རྒྱ་གར་ནང་ཆགས་ཡོད། བོད་མི་མང་པོ་ཞིག་རྒྱ་གར་ནང་བཞུགས་ཡོད། རྒྱ་གར་གཞུང་གིས་བོད་མིའི་ཤེས་ཡོན་སོགས་ལ་གུན་གསབ་གནང་བཞིན་ཡོད། ད་ཕན་རྒྱབ་སྐྱོར་ཤུགས་ཆེ་ཤོས་རྒྱ་གར་གྱིས་གནང་ཡོད།
གསར་འགོད་པས། འོན་ཀྱང་བོད་དོན་ལ་ཐུག་སྐབས་རྒྱ་ནག་ཕྱོགས་སུ་འགྲོ་བ་མ་རེད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། དེ་འདྲ་མ་རེད། དཔེར་ན། རྒྱ་གར་གཞུང་གིས་རྒྱ་ནག་དང་གྲོས་མོལ་བྱས་རྗེས་སུའང་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་མ་བྱས་པར་ལོ་མང་བསྡད་པ་རེད།
གསར་འགོད་པས། སྔ་ལོར་རྒྱལ་ས་ལྡི་ལིར་བོད་དོན་མཛད་སྒོ་ཚུགས་རྒྱུར་བཀག་འགོག་བྱས་པ་མ་རེད་དམ། དེའི་ཐོག་གསུང་རྒྱུ་གང་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གི་གནོན་ཤུགས་འོག་མཛད་སྒོ་རྡ་སར་སྤོ་དགོས་བྱུང་བ་རེད། དེ་ལྟ་བུ་གནད་དོན་ཆུང་ཙག་འགའ་རེ་ཡོང་གི་ཡོད། འོན་ཀྱང་རྒྱ་ནག་གཞུང་གི་གནོན་ཤུགས་དེའི་དྲིན་ལ་བརྟེན་ནས་ང་ཚོས་”རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་” དྲིལ་བསྒྲགས་རྒྱ་ཆེ་བྱུང་ཐུབ་ཡོད།
གསར་འགོད་པས། ཁེ་ན་ཌའི་བྷི་རི་ཊི་ཤི་ཀོ་ལམ་བྷི་ཡ་གཙུག་ལག་སློབ་གྲྭའི་བོད་རིག་པ་བ་ཚེ་རིང་ཤཀྱཱ་ལགས་ཀྱིས་”ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་། བོད་དོན་ལ་དོ་སྣང་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་དེ་རྒྱ་གར་གཞུང་གིས་ཤེས་རྟོགས་ཐུབ་” ཅེས་པའི་སྐད་ཆ་དེ་མི་བདེན་ནམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ངའི་བསམ་པར་ཁོང་གི་བསམ་ཚུལ་དེ་ནོར་བ་ཞིག་རེད་འདུག གང་ཡིན་བརྗོད་ན་ང་རང་དེང་སྐབས་རྒྱལ་ཁབ་འདྲ་མིན་ནང་བསྐྱོད་བཞིན་ཡོད། བོད་དོན་ལ་རྒྱབ་སྐྱོར་ཇི་ཙམ་གནང་གི་ཡོད་པ་ངས་གསལ་པོར་ཤེས་བྱུང་། ཁ་སང་རང་ཨིན་ཇིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཇོན་བར་ཀོ་John Bercow མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་གྲོས་ཚོགས་འོག་མའི་ནང་ཆེ་མཐོང་གནང་བྱུང་། ཕྱོགས་མཚུངས་ལོ་བཅུའི་གོང་ཉི་ཧོང་གྲོས་ཚོགས་ནང་བོད་དོན་སྐོར་སྐད་ཆ་གོ་ཐོས་མེད་ཀྱང་ད་ཆ་ཡུལ་དེའི་གྲོས་ཚོགས་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་བཙུག་ཐུབ་པ་བྱུང་ཡོད། གྲོས་ཚོགས་འཐུས་མི་ ༩༢ ཡོད། དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་གྲོས་ཚོགས་འཐུས་མི་ ༥༡ ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐུབ་ཡོད། ཡུ་རོབ་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཆགས་ཡོད། གནས་སྟངས་འདི་ཚོ་ཁྱེད་ཀྱིས་གཟིགས་ཐུབ་ཡོད། ཅེས་སོགས་བཅར་འདྲི་ལས་རིམ་གཟབ་རྒྱས་གནང་འདུག
ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བྷི་བྷི་སི་གསར་འགོད་པས་བཅར་འདྲི་གནང་བ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་དང་། བཅར་འདྲི་ཐོག་མ་དེ་ཕྱི་ལོ་ ༢༠༡༡ ཟླ་ ༥ ནང་གནང་ཡོད། །