ཟླ་བ་ ༧ ཚེས ༢༠ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༠ རེས་གཟའ་སྤེན་པ།

༄༅། །ཕྱི་ལོ་ ༢༠༡༥ ལོར་བོད་ནང་གི་བོད་མི་དགུ་ཡིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ལ་ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུས་པར་བསྙད་དེ་རྒྱ་ནག་གཞུང་གིས་བོད་མི་དེ་དག་ལ་ཁྲིམས་འཛུགས་ཉེས་ཆད་འོག་བཙོན་འཇུག་བྱས་པ་དེར།  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣ་ལྔས་རྒྱ་ནག་གཞུང་ལ་གནད་དོན་དེའི་ཐད་འདྲི་བརྩད་གནང་འདུག

དེ་ཡང་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་གྱི་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ཕྱི་ལོ་  ༢༠༡༦ ཟླ་ ༡༢ ནང་བོད་མི་དགུ་པོ་དེ་དག་ལས་ཁག་གཅིག་ལ་ལོ་ལྔ་དང་། ཁག་གཅིག་ལ་ལོ་བཅོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣས་རྒྱ་ནག་གཞུང་གིས་བོད་མི་ཚོས་ཆོས་དད་རང་དབང་དང་།  བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་ལུས་ངག་གི་རྣམ་འགྱུར་ཇི་འདྲ་ཞིག་འཐོན་སྐབས་རྒྱ་ནག་གཞུང་གི་རྩ་ཁྲིམས་དོན་ཚན་ ༡༠༣ (༢) ལ་ཁག་དཀྲི་བྱས་ནས་ཁྲིམས་འགལ་གྱི་ཉེས་འཛུགས་བྱེད་བཞིན་པའི་གནས་ཚུལ་བར་ལམ་ནས་ཇེ་མང་དུ་སོང་བ་དང་། དོན་ཚན་དེའི་ནང་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་རིགས་སྤེལ་མཁན་ཚོར་ཁྲིམས་ཀྱི་ཉེས་ཆད་སྤྱི་མཚུངས་གཏོང་བཞིན་པའི་རྣམ་འགྱུར་བཏོན་པ་རེད།

དོན་དངོས་བོད་མི་དེ་དག་གིས་རང་གི་ཐོབ་ཐང་གང་འཁོད་པ་རྣམས་གསལ་འདོན་བྱས་པ་མ་གཏོགས་ཁྲིམས་འགལ་གྱི་བྱ་སྤྱོད་རྩ་བ་ནས་སྤེལ་མེད།  ཆེད་ལས་མི་སྣས་སྐབས་དེར་སེམས་འཚབ་བྱེད་དགོས་པའི་གནད་དོན་བརྒྱད་གསལ་འདོན་གནང་བ་དང་སྦྲགས།  རྒྱ་ནག་གཞུང་གིས་བོད་མིར་ཁྲིམས་ཐག་བཅད་པའི་བརྒྱུད་རིམ་ཇི་འདྲ་ཡིན་མིན་ཐོག་གསལ་བཤད་དགོས་པ།  བཀག་དཀྱིལ་བྱས་པའི་གནས་སྟངས། བཙོན་འཇུག་བྱས་པའི་བོད་མི་ཚོའི་ནང་མི་རྣམས་ལ་རྒྱ་ནག་གཞུང་གིས་འགན་ཁུར་ལྡན་པའི་གསལ་བཤད་གང་ཡང་བྱས་མེད་པའི་གནས་སྟངས་སྐོར་འདྲི་བརྩད་གནང་འདུག 

གོང་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣ་ལྔ་པོ་ནི། ཆོས་རིག་དང་། སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་པ་བཅས་ཀྱིས་རྒྱ་ནག་གཞུང་ལ་གོང་གི་གནད་དོན་ཐོག་འདྲི་བརྩད་གནང་འདུག གཤམ་དུ་བོད་མི་དགུ་པོ་དེ་དག་གི་རྒྱབ་ལྗོངས་ལོ་རྒྱུས་སྙིང་བསྡུས་རེ་ངོ་སྤྲོད་དང་སྦྲགས།  རྒྱ་ནག་གཞུང་གིས་འགན་ཁུར་ལྡན་པའི་ཐོག་ནས་ཁོང་རྣམས་ཀྱི་ད་ལྟའི་གནས་སྟངས་ཇི་ཡིན་གསལ་བཤད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག 

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣ་རྒྱ་ནག་གཞུང་ལ་འདྲི་བརྩད་གནང་བའི་གནད་དོན་རྣམས་ནི།  

༡ ༽ ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༦ ཉིན་རྔ་པ་ཀིརརྟིའི་དགོན་པའི་དགེ་འདུན་པ་སྐུ་བགྲེས་པ་སྐུ་ཞབས་འབྲུག་སྒྲ་ལགས་ལ་རྒྱ་ནག་གཞུང་གིས་ལོ་ངོ་ ༡༤ བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད། སྐབས་དེར་ཁོང་དགུང་གྲངས་ ༥༠ སོན་པ་དང་།  ད་ལྟའི་སྐབས་ཁོང་ཟི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུ་གྲོང་ཀྱེར་ཉེ་འགྲམ་མིན་ཡང་བཙོན་ཁང་ནང་བཙོན་འཇུག་བྱས་ཡོད་སྟབས་ཁོང་གི་གནས་སྟངས་ཇི་ཡིན་རྒྱ་ནག་གཞུང་གིས་གསལ་བཤད་གནང་དགོས་པ་དང་།  

༢ ༽ ཕྱི་ལོ་ ༢༠༡༦ ཟླ་ ༡༢ ནང་རང་ལོ་ ༤༤ སོན་པ་རྔ་པ་ཀི་རྟིའི་དགོན་པའི་དགེ་འདུན་པ་བློ་བཟང་མཁས་གྲུབ་ལགས་ལ་ལོ་ངོ་ ༡༣ རིང་བཙོན་འཇུག་ཁྲིམས་ཐག་བཅད་རྗེས་ད་བར་ཁོང་གི་གནས་སྟངས་ཤེས་རྟོགས་རྩ་བ་ནས་མེད། དེའི་ཐད་རྒྱ་ནག་གཞུང་གིས་གསལ་བཤད་བྱེད་དགོས། 

༣ ༽ དགུང་གྲངས་ ༢༩ ཡིན་པ་རྔ་པ་ཀི་རྟིའི་དགོན་པའི་དགེ་འདུན་པ་བློ་བཟང་དགེ་འཕེལ་ལགས་ལ་ལོ་ངོ་ ༡༢ རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ད་བར་གནས་སྟངས་གང་ཡིན་ཤེས་རྟགས་རྩ་བ་ནས་མེད། གནས་ཚུལ་ཁག་གཅིག་ལྟར་ན་ཁོང་ད་ལྟ་ཡིན་ཡང་བཙོན་ཁང་དུ་ངལ་རྩོལ་བསྒྱུར་བཀོད་འོག་དཀའ་སྡུག་མྱོང་བཞིན་ཡོད་པ་བརྗོད། 

༤ ༽ རྔ་པ་ཀི་རྟིའི་དགོན་པའི་དགེ་འདུན་པ་བློ་གྲོས་ལགས་ཟླ་ ༡༡ ཚེས་ ༡༨ ཉིན་ལོ་དགུའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁོང་དགུང་གྲངས་ ༤༡ ཡིན་འདུག  ད་བར་ཁོང་གི་གནས་སྟངས་ཤེས་རྟོགས་རྩ་བ་ནས་མེད། 

༥ ༽ བུད་མེད་ཏཱ་རེ་སྐྱིད་ལགས་ལ་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་། རང་སྲེག་ལས་འགུལ་བར་རྒྱབ་སྐྱོར་བྱས་པའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག   ད་ལྟ་ཡིན་ཡང་བཙོན་ཁང་དུ་ཡོད་པར་གྲགས།   

༦ ༽ བོན་ཁོ་སྐྱིད་ལགས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༠ ཉིན་འཛིན་བཟུང་བྱས་རྗེས་ད་བར་གར་སོང་ཆ་མེད་དུ་གྱུར་བ་མ་ཟད། ཁོ་མོ་འཛིན་བཟུང་བྱེད་དགོས་དོན་གང་ཡིན་སྐོར་ཤེས་རྟོགས་གང་ཡང་མ་ཐུབ། 

༧  ༽ དེ་སྔ་སྤྲོ་ཚིགས་དགོན་པའི་དགེ་འདུན་པ་སྤྲོ་ཚིགས་ཚུལ་ཁྲིམས་ལགས་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ནང་འཛིན་བཟུང་བྱས་ནས་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད། 

༨  ༽ དེ་སྔ་རྔ་པ་ཀི་རྟིའི་དགོན་པའི་དགེ་འདུན་པ་ཚུལ་ཁྲིམས་ལགས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༨ ཉིན་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། སྐབས་དེར་ཁོང་དགུང་གྲངས་ ༣༢ ཡིན་འདུག  

༩  ༽ དེ་སྔ་རྔ་པ་ཀི་རྟིའི་དགོན་པའི་དགེ་འདུན་པ་ཨ་ཀྱ་ཀྱ་ལགས་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག  སྐབས་དེར་ཁོང་དགུང་གྲངས་ ༣༥ ཡིན་འདུག ད་ལྟའི་ཆར་ཁོང་གི་གནས་སྟངས་ཤེས་རྟོགས་མ་ཐུབ། 

སྤྱིར་གོང་གི་བོད་མི་དགུ་པོ་རྣམས་དེ་སྔ་ཡང་ཞི་རྒོལ་རྔམ་སྟོན་ལས་འགུལ་ནང་ཞུགས་ནས་ཁ་བྲལ་གྱི་ལས་འགུལ་སྤེལ་བར་བསྙད་ནས་དུས་ཡུན་འདྲ་མིན་ཐོག་བཙོན་འཇུག་བྱས་ཟིན་པ་ཤ་སྟག་ཡིན་འདུག །

Share with your friends










Submit