Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༨ རེས་གཟའ་ཟླ་བ།

༄༅། །ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་ ༢༠༡༩ ཟླ་ ༧ ཚེས་ ༨ ཉིན་བཏང་གནས་ནང་འཁོད་དོན།  ཐེ་ཝན་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་གིས་ལོ་བསྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོར་སྤྱན་རས་གཟིགས་ཞི་བདེའི་མཚན་ཚོགས་ཞེས་ཆོས་འབྲེལ་གྱི་ཞབས་གཞས་གོ་སྒྲིག་གནང་གི་ཡོད་པ་ལྟར། ཕྱི་ཟླ་ ༧ ཚེས་ ༦ ཕྱི་དྲོ་ཆུ་ཚོད་ ༡།༣༠ ཐོག་ཐེ་པེ་གྲོང་ཁྱེར་རྒྱལ་ཁབ་རིམ་པའི་སུན་ཀྲུང་ཀྲན་དྲན་གསོའི་ཚོགས་ཁང་ཆེན་མོའི་ནང་སྐབས་བཅུ་གཅིག་པའི་འཁྲབ་སྟོན་གཟིགས་འབུལ་གནང་ཡོད་པ་རེད།

འཁྲབ་སྟོན་ཐོག་མར་ཐེ་ཝན་བྱིས་པ་ཞིག་གིས་༸གོང་ས་མཆོག་གི་མཛད་རྣམ་སྙིང་བསྡུས་སྒྲོག་སྦྱང་ཞུས་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐད་གཏོང་བརྙན་འཕྲིན་ཐོག་ཐེ་ཝན་མི་མང་ལ་འཚམས་འདྲི་དང་བཀའ་སློབ་གནང་རྗེས། སྐུ་མགྲོན་གཙོ་བོ་ཐེ་ཝན་སྲིད་འཛིན་གཞོན་པ་སྐུ་ཞབས་གྲན་ཅན་རན་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས་གསུང་དོན། གོང་དུ་༸གོང་ས་མཆོག་ནས་ཆོས་ལུགས་ཁག་མཐུན་སྒྲིལ་དགོས་པའི་བཀའ་སློབ་སྩལ་བ་ལྟར། ཐེ་ཝན་གཞུང་ནས་ཀྱང་དེའི་ཐོག་ཤུགས་སྣོན་བརྒྱབ་ཀྱི་ཡོད་པ་སོགས་གསུངས།

དེ་ཉིན་སྲིད་འཛིན་གཞོན་པའི་སྤྱི་ཚོགས་དྲ་ལམ་ངོ་དེབ་ཐོག་མཛད་སྒོར་མཉམ་ཞུགས་དང་། ༸གོང་ས་མཆོག་ལ་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ། ༸གོང་ས་མཆོག་གི་བཀའ་སློབ་ཉན་རྗེས་སེམས་ཁམས་ཞི་ལྷོད་དུ་གྱུར་བ། ཤེས་རབ་ཀྱི་བློ་སྒོ་འབྱེད་ཐུབ་བྱུང་སོགས་བཀོད་འདུག

དེ་ནས་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་སྐུ་ཚབ་ཀྱི་ངོ་བོ་ཐོག་༸གོང་ས་མཆོག་གི་མཚན་ཐོག་ནས་ནད་པ་མྱུར་སྐྱོབ་ཀྱི་སྣུམ་འཁོར་ཞིག་ལ་ཏཱ་ལའི་བླ་མ་སྐུ་ཚེ་ཡུན་གནས་ཞེས་འཁོད་པ་ཐེ་ཝན་ནན་ཐའོ་རྫོང་ལ་ཞལ་འདེབས་གནང་བ་དེ་སྣུམ་འཁོར་ཐེངས་ལྔ་པ་དེ་རེད་འདུག

ཆེད་གཉེར་འཁྲབ་སྟོན་རྣམས་ཀྱིས་ཆོས་འབྲེལ་གྱི་ཞབས་གཞས་ཁག་གཟིགས་འབུལ་དང་། མཛད་སྒོ་གྲོལ་རྗེས་ཚོགས་བཅར་ཞུ་མཁན་མི་གྲངས་ ༢༣༠༠ ལྷག་ལ་ཐེ་པེ་གྲོང་ཁྱེར་སྲིད་གཞུང་ནས་ཆོག་མཆན་ཞུས་ཏེ་མ་གནས་ཐེ་སྒོར་ ༣༩༩ ཅན་གྱི་གཞུང་འབྲེལ་འགྲིམ་འགྲུལ་བྱང་བུ་རེ་ཕྱག་རྟགས་གནང་བ་དང་། བྱང་བུའི་ཐོག་ནི་དེ་སྔོན་བོད་ཀྱི་རྒྱལ་དར་དང་། འདི་ལོ་རྗེ་ཙོང་ཁ་པ་ཆེན་པོ་སྐུ་ཞི་བར་གཤེགས་ནས་ལོ་ ༦༠༠ འཁོར་བའི་རྗེས་དྲན་ཞེས་འཁོད་ཡོད་པ་རེད།

 


Share with your friends










Submit