ཟླ་བ་ ༦ ཚེས ༡༠ ༢༠༡༩
Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༠ རེས་གཟའ་ཟླ་བ།

༄༅། །འདི་གར་ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༨ ཉིན་བཏང་གནས་ནང་འཁོད་དོན།  ཨོ་སི་ཀྲི་ལི་ཡའི་སྐུ་ཚབ་དོན་གཅོད་དང་རྒྱ་རིགས་འབྲེལ་མཐུད་པ་རྣམ་གཉིས་དེ་སྔ་རྒྱ་ནག་རྒྱལ་ས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། རྒྱ་རིགས་སློབ་ཕྲུག་སྟོང་ཕྲག་མང་པོས་མང་གཙོའི་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར། སློབ་ཕྲུག་དང་དགེ་རྒན་ཁག་གཅིག་མེ་མདའ་དང་། ལྕགས་ཁྲབ་འཁོར་ལོ་སོགས་བཏང་ནས་དམར་གསོད་བཏང་བར་བརྟེན།  དྲུག་བཞིའི་དུས་དྲན་ཞེས་ཡོངས་གྲགས་ལས་འགུལ་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར་ཐེངས་འདིར་ལས་འགུལ་ནང་མཉམ་ཞུགས་གནང་འདུག 
དེ་ཡང་ཐེངས་འདིར་ཨོ་གླིང་ནང་དུ་རྒྱ་ནག་མང་གཙོ་དོན་གཉེར་བའི་ཚོགས་པ་ཁག་དང་། དྲུག་བཞིན་དོན་རྐྱེན་ནང་དངོས་སུ་ཞུགས་མྱོང་མཁན་སོགས་ཀྱིས་གོ་སྒྲིག་འོག ཨོ་གླིང་གྲོང་ཁྱེར་སིད་ནི་དང་། མེལ་སྦོན་བཅས་སུ་ཕྱི་ལོ་ ༡༩༨༩ ཟླ་བ་ ༦ ཚེས་ ༤ ཉིན་རྒྱ་ནག་དམར་པོའི་གཞུང་ནས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་ཚོར་དྲག་གནོན་བྱས་ནས་མི་ལོ་ ༣༠ འཁོར་བའི་དུས་དྲན་གྱི་ལས་འགུལ་སྣ་མང་སྤེལ་བའི་ནང་། འདི་ག་ཨོ་སི་ཀྲི་ལི་ཡའི་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་དང་། རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་མཉམ་ཞུགས་ཐོག་དུས་དྲན་དང་འབྲེལ་བའི་གསུང་བཤད་ཀྱང་གནང་ཡོད།

དེ་ཡང་ཕྱི་ཟླ་ ༦ ཚེས་ ༢ སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སིད་ནི་གྲོང་ཁྱེར་གྱི་ཨེ་ཤོ་ཧྥེ་ས་ཁུལ་དུ་ཡེ་ཤུའི་ཆོས་ཁང་ནང་འདས་གྲོངས་སུ་གྱུར་པའི་ ༦,༤ དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་ལྷན་ཚོགས་སུ་མཉམ་ཞུགས་ཀྱིས་མྱ་ངན་གུས་འདུད་ཞུས། ཉིན་གུང་ཆུ་ཚོད་ ༡༢།༣༠ ནས་ ༡།༣༠ བར་ཨོ་སི་ཀྲི་ལི་ཡའི་མཁས་དབང་ Prof .Clive hamil ton མཆོག་གིས་བརྩམས་པའི། ཁ་ཁུ་སིམ་པོའི་ངང་ནས་བཙན་འཛུལ་བྱས་པ། ཞེས་པའི་རྒྱ་སྒྱུར་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོར་ཡང་བོད་མིའི་སྐུ་ཚབ་གཉིས་པོ་མཉམ་ཞུགས་གནང་སྟེ།  དེང་སྐབས་རྒྱ་ནག་དམར་པོའི་གཞུང་གིས་ཨོ་སི་ཀྲི་ལི་ཡའི་ནང་དུའང་སིམ་འཛུལ་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་བགྲོ་གླེང་ཞུས།

ཉིན་རྒྱབ་ཆུ་ཚོད་ ༡།༣༠ ནས་ ༤།༠༠ པའི་བར་ཕྱི་ནང་གི་མཁས་དབང་མང་པོ་མགྲོན་འབོད་ཐོག་ཨིན་ཡིག་ཐོག་དྲུག་བཞིའི་དོན་རྐྱེན་སྐོར་གྱི་བགྲོ་གླེང་ཚོགས་འདུ་གལ་ཆེན་ཞིག་གོ་སྒྲིག་གནང་བར། སྐུ་ཚབ་དོན་གཅོད་ནས་མཛད་སྒོའི་ཐོག་གསུངས་བཤད་གནང་དོན།
དེ་རིང་ཁྱེད་རྣམ་པ་ལྷན་ངོ་འཛོམས་བྱུང་བར་ཤིན་ཏུ་དགའ་པོ་བྱུང་། མི་ལོ་ ༣༠ ཡི་སྔོན་ལ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་བྱུང་བའི་མི་གསོད་དོན་རྐྱེན་དེ་ནི་ངེས་པར་དྲན་གསོ་ཞུ་ཐོག  མི་རབས་ནས་མི་རབས་དྲན་ལམ་དུ་གནས་དགོས་པའི་དོན་གནད་གལ་ཆེན་ཞིག་ཡིན། གང་ཡིན་ཞུས་ན། རྒྱ་ནག་དྲག་པོའི་གཞུང་གིས་ཐབས་ཤེས་ཡོད་དགུ་རྩལ་སྐྲུག་གིས་བྱུང་རྐྱེན་དེ་མི་ཚོའི་དྲན་ལམ་ནས་རྩ་མེད་དུ་གཏོང་ཐབས་བྱེད་བཞིན་ཡོད། ཧ་ཅང་ཡ་ང་བའི་དོན་རྐྱེན་དེ་ཡིད་ལ་དྲན་སྐབས་སེམས་པ་ཧ་ཅང་སྐྱོ་དགོས་པ་ཞིག་རེད།  དོན་རྐྱེན་དེའི་ནང་དུ་རང་དང་དབང་མང་གཙོ།  དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་གསོད་བཏང་ཡོད་པ་མ་ཟད། དུས་དེ་ནས་བཟུང་མི་ལོ་ ༣༠ ཕྱིན་ཡང་ད་དུང་དོན་རྐྱེན་དེའི་ནང་སློབ་ཕྲུག་དང་མི་སེར་ཇི་ཙམ་གྱི་ཚེ་སྲོག་ཤོར་བའི་གྲངས་ཁ་ཚོན་བཅད་ནས་ཞུ་ཐབས་བྲལ། ཞེས་གསུངས།

ད་དུང་ཁོང་གིས་གསུངས་དོན། ཉེ་ལམ་ཨོ་སི་ཀྲི་ལི་ཡའི་སྲིད་བློན་ཟུར་པ་སྦོར་ཧོར་ཁེར་མཆོག་དགོངས་པ་རྫོགས་པ་དང་། ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་ཏུ་དྲུག་བཞིའི་དོན་རྐྱེན་བྱུང་དུས་དམ་པ་ཁོང་ནི་སྲིད་བློན་ལས་ཐོག་ཡིན་སྟབས། དེ་དུས་ཁོང་གིས་རྒྱ་ནག་ཏུ་དེ་འདྲའི་ཐབས་སྡུག་གི་གནས་ཚུལ་བྱུང་བ་ཤེས་འཕྲལ་མིག་ནས་མཆི་མ་ཤོར་ཏེ་རྒྱ་ནག་གི་སློབ་ཕྲུག་ཁྲི་ཚོ་མང་པོ་དང་།  ཁོང་ཚོའི་ནང་མི་ཚོར་ཨོ་གླིང་ནང་དུ་དམིགས་བསལ་ཆབ་སྲིད་སྐྱབས་བཅོལ་གྱི་ཐོབ་ཐང་ཕུལ་ཡོད།  འོན་ཀྱང་མི་ལོ་ ༣༠ ཡི་རྗེས་སུ་རྒྱ་ནག་གི་སྤྱི་ཚོགས་ཁོར་ཡུག་རང་དབང་མང་གཙོའི་ཕྱོགས་སུ་བསྐྱོད་རྒྱུ་ལྟ་ཞོག   མཐའ་ན་དེ་དུས་ཆབ་སྲིད་སྐྱབས་བཅོལ་ཐོབ་མཁན་དེ་དག་ཀྱང་མང་ཆེ་བ་རྒྱ་ནག་དྲག་པོའི་གཞུང་ལ་ཁ་ཕྱོགས་པ་གོ་རྒྱུ་འདུག་ལ། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་གནས་ཚུལ་ཡོངས་རྫོགས་བཀའ་བསྡོམས་དང་ཞིབ་བཤེར་དེ་སྔ་ལས་ཆེ་བ་བྱེད་ཀྱི་ཡོད།  དེར་བརྟེནང་ཚོ་རང་དབང་མང་གཙོའི་ལུང་པར་ཡོད་པ་རྣམས་ནས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཐོག  བོད་ནང་གི་དངོས་ཡོད་ཀྱི་གནས་ཚུལ་འཛམ་བུ་གླིང་ཕྱི་ལ་བསྒྲག་ཐུབ་དགོས་པ་དང་། དེ་ལྟར་བྱས་ཐུབ་ཚེ་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་ཕོ་མོ་ཚོའི་བློས་བཏང་ཆེན་པོ་གནང་བ་དེ་ཡང་ཆུད་ཟོས་སུ་མི་འགྲོ་བ་བྱེད་ཐུབ་ཅེས་གསུངས།


ཡང་ཁོང་གིས་མུ་མཐུད་གསུངས་དོན། གུས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱི་མིང་གནས་ཡོད་མཁན་ཞིག་གི་ངོས་ནས་། དྲུག་བཞིའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཕྱིན་པའི་སློབ་ཕྲུག་དང་ཤེས་ཡོན་ཅན་དེ་ཚོར་མྱ་ངན་གུས་འདུད་ཞུས་ཀྱི་ཡོད་ལ། ཁོང་ཚོའི་ནང་མི་སྤུན་མཆེད་ཚོ་ལའང་ཐུགས་གསོའི་འཚམས་འདྲི་ཞུས་ཀྱི་ཡོད། མི་ལོ་ ༣༠ ཙམ་ཕྱིན་ཚར་ཡང་རླབས་ཆེན་རྒྱ་མི་རིགས་སྤུན་གྲོགས་ཚོས་སྤེལ་བའི་རླབས་ཆེན་གྱི་ལས་འགུལ་དེ། རང་དབང་མང་གཙོའི་སྤྱི་ཚོགས་ཁྲོད་བསྔགས་བརྗོད་ཧ་ཅང་ཐོབ་བཞིན་ཡོད་ལ། རྣམ་པ་ཚོས་དྲུག་བཞི་དཔའ་བོ་ཚོའི་ཞལ་ཆེམས་དང་དམིགས་ཡུལ་རྨེག་མེད་དུ་མི་གཏོང་བར། རྒྱ་ནག་རང་དབང་མང་གཙོར་འགྱུར་ཆེད་མུ་མཐུད་ལས་འགུལ་སྤེལ་བཞིན་པ་དེར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད་པ་མ་ཟད། ཁྱེད་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ང་ཚོ་བོད་མིར་མཚོན་ན་ཕྱི་ལོ་ ༡༩༥༩ ལོར་གཅེས་པའི་རང་ཡུལ་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་ནས་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་རེད། དེ་དུས་མི་མང་པོ་ཞིག་གིས་ད་ཁྱེད་ཚོ་རྦད་དེ་ཕམ་ཉེས་བྱུང་ཡོད། ཅེས་གསུང་མྱོང་ཡོད། འོན་ཀྱང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གིས་ནུས་ལྡན་མིག་རྒྱང་རིང་པོའི་དབུ་ཁྲིད་དང་འབད་བརྩོན་འོག  ང་ཚོ་འགྱེལ་ས་ནས་ལངས་ཏེ་བཙན་བྱོལ་གྱི་གནས་བབ་འོག་སོ་སོའི་ཆབ་སྲིད་དང་ཆོས་ལུགས། རིག་གཞུང་དང་སྐད་ཡིག་བཅས་བསྐྱར་དུ་འཛུགས་སྐྲུན་ཐུབ་པ་བྱུང་བ་མ་ཟད།  འཛམ་གླིང་ཁྱོན་དུ་བཟང་པོའི་སྟོབས་ཤུགས་ཇེ་ཆེར་བཏང་ཐུབ་ཡོད། དེར་བརྟེན་རྒྱ་ནག་དང་འཛམ་གླིང་གང་སར་ཡོད་པའི་རྒྱ་མི་སྤུན་གྲོགས་ཚོའི་ཐུན་མོང་གི་དམིགས་ཡུལ་དེའང་།  རྒྱ་ནག་དེ་བཞིན་རང་དབང་མང་གཙོ་ལྡན་པའི་རྒྱལ་ཁབ་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན་སྟརབས། ང་ཚོ་ཚང་མས་ནུས་པ་མཉམ་སྤུངས་ཐོག་ཤུགས་བརྒྱག་ཐུབ་པ་ཡིན་ན། རྒྱ་ནག་གི་སྤྱི་ཚོགས་དེ་བཞིན་མི་ཚང་མས་འཇིགས་སྣང་མེད་པར་རང་དབང་ཐོག་བསམ་ཚུལ་བརྗོད་ཆོག་པའི་སྤྱི་ཚོགས་ཤིག་མི་རིང་བར་བསྐྲུན་ཐུབ་རྒྱུར་ཡིད་ཆེས་ཡོད་ལ། མི་ལོ་ ༣༠ སྔོན་དུ་སློབ་ཕྲུག་ཚོའི་དམིགས་ཡུལ་དེའང་གང་མགྱོགས་བསྒྲུབ་རྒྱུ་ཡིན་པར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས།

དེ་རྗེས་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་མེལ་སྦོན་གྲོང་ཁྱེར་དུ་བསྐྱོད་དེ། མེལ་སྦོན་དུ་རྟེན་གཞི་བྱེད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་གོ་སྒྲིག་གནང་བའི་དྲུག་བཞི་དུས་དྲན་གྱི་ལས་འགུལ་ཁག་ཏུ་མཉམ་ཞུགས་གནང་ནས། ཕྱི་ཟླ་ ༦ ཚེས་ ༤ དགོང་མོ་ཆུ་ཚོད་ ༥།༣༠ ནས་ ༧།༠༠ པའི་བར་འབྲེལ་ཡོད་རྒྱ་མི་བརྒྱ་ལྷག་དང་། མེལ་སྦོན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་བློ་བཟང་ལགས་ཀྱིས་གཙོས་བོད་མི་ ༢༠ ལྷག ཨོ་སི་ཀྲི་ལི་ཡ་གྲོས་ཚོགས་འོག་མའི་འཐུས་མི། མེལ་སྦོན་སྤྱི་མང་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་ཕྱི་ནང་གི་མི་མང་པོ་མེལ་སྦོན་རྒྱ་གཞུང་གཞུང་ཚབ་ཡན་ལག་གི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་མ་ཟད། འབྲེལ་ཡོད་དྲུག་བཞིའི་པར་རིས་འགྲེམས་སྟོན་དང་ཁྲོམ་བསྐོར་སོགས་མཉམ་ཞུགས་གནང་ཡོད་པ་དང་། རྒྱ་རིགས་འབྲེལ་མཐུད་པ་དང་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཉིས་ནས་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བོད་དོན་སྐོར་ཨིན་སྐད་དང་རྒྱ་སྐད་ཐོག་གསུང་བཤད་གནང་ཡོད།


ད་ལོའི་ཨོ་སི་ཀྲི་ལི་ཡ་དང་ནིའུ་ཛི་ལེན་ཌི་ཁུལ་དྲུག་བཞི་དུས་དྲན་གྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་དེ་སྔ་ལས་མི་མང་བ་དང་གཞི་རྒྱ་ཆེ་བ་ཆགས་ཡོད་པ་མ་ཟད། དམིགས་བསལ་གསར་འགྱུར་གཙོ་ཤུགས་བརྒྱུད་ལམ་ཁག་གིས་ཀྱང་དོ་སྣང་ཆེན་པོ་གནང་སྟེ་ཁྱབ་སྤེལ་ཆེན་པོ་བྱུང་ཡོད་པ་དང་། སིད་ནི་གྲོང་ཁྱེར་དུ་རྒྱ་དམག་གི་གྲུ་གཟིངས་འབྱོར་བར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེས་ཤུགས་རྐྱེན་ཡང་ཆེན་པོ་ཐེབས་ཡོད་པ་བཅས། །

Share with your friends










Submit