ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། འདི་གར་ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༢ ཉིན་བྷོ་ཌི་ BODHI ཨོ་སི་ཀྲི་ལི་ཡའི་གཞན་ཕན་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༣༠ འཁོར་བའི་མཛད་སྒོ་ཞིག་ཨོ་གླིང་རྒྱལ་ས་ཁེན་བྷེ་རྭར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་གཞུང་གཉེར་ཁེན་བྷེ་ར་གཙུག་ལག་སློབ་གྲྭ་ཆེ་མོར་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་སྐུ་མགྲོན་གཙོ་བོར་ཕེབས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་དུ་སྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་བ་མ་ཟད། གསུང་བཤད་ཀྱང་གནང་ཡོད།
དེ་ཡང་ཐོག་མར་ཚོགས་པ་དེའི་ཚོགས་གཞོན་ལྕམ་ཨར་མན་རྡ་ལགས་ཀྱིས་མཛད་སྒོ་གཙོ་སྐྱོང་དང་འབྲེལ། ཚོགས་པ་དེའི་རྒྱབ་ལྗོངས་ལོ་རྒྱུས་རོབ་ཙམ་འགྲེལ་བཤད་གྲུབ་བསྟུན། ཨོ་སི་ཀྲི་ལི་ཡའི་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་ཀྱིས་འདས་གསོན་རླབས་ཆེན་མི་སྣ་མང་པོ་ཞིག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གཞན་ཕན་རོགས་སྐྱོར་གྱི་བཀའ་སློབ་དགོངས་དོན་སྙིང་བཅངས་དང་དུ་བླངས་ཏེ། ཚོགས་པ་དེ་གསར་བཙུགས་གནང་བའི་མཚོན་གཞན་ཕན་རོགས་སྐྱོར་གྱི་ལས་དོན་འབོར་ཆེན་མི་ལོ་ ༣༠ རིང་དོན་སྨིན་ལྡན་པའི་ཕན་བདེ་བསྒྲུབས་དང་སྒྲུབ་མུས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུས་པ་དང་། མ་འོངས་པར་མུ་མཐུད་མཇུག་སྐྱོང་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུས་རྗེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་དུ་སྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་ཞུས།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ནང་དུ། ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་ཁྱེད་རྣམ་པས་སྤེལ་བཞིན་པའི་གཞན་ཕན་རོགས་སྐྱོར་གྱི་ལས་དོན་དེས། བོད་ཕྱི་ནང་གི་བོད་མི་མང་པོ་ཞིག་ལ་ཕན་འདོགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚོགས་པ་འདི་ཐོག་མ་བཙུགས་མཁན་མཁས་དབང་སློབ་དཔོན་ Colin Butler མཆོག་དང་། ཁོང་གི་སྐུ་ཟླ་ཚེ་འདས་ལྕམ་ Susan Woldenberg ལགས་རྣམ་གཉིས་ནས་ནང་ཆོས་ཀྱི་བསླབ་བྱའི་སྙིང་པོ་བྱམས་བརྩེ་ལྡན་པའི་གཞན་ཕན་གྱི་ལས་གཞི་བརྩམས་དང་རྩོམ་བཞིན་པར་བསྔགས་བརྗོད་ཞུ་རྒྱུ་དང་། བྷོ་ཌི་ BODHI གཞན་ཕན་ཚོགས་པའི་དང་བླངས་ཞབས་ཞུ་བ་ཚོས་བློང་བཏང་དང་མཉམ་ལས་སྙིང་སྟོབས་ལའང་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་བཀའ་སློབ་སྩལ་འདུག
དེ་ནས་ཚོགས་པ་དེའི་ཚོགས་གཞོན་ལྕམ་ཨར་མ་རྡ་མཆོག་དང་། འབྲེལ་ཡོད་ལས་འཆར་འགན་འཛིན་སོགས་ནས་མི་ལོ་ ༣༠ རིང་ཚོགས་པའི་ལས་དོན་ཇི་སྤེལ་གྱི་ལས་བསྡོམས་རྒྱས་པ་སྙན་སྒྲོན་དང་། ད་ལྟའི་གནས་སྟངས་དང་མ་འོངས་ལས་འཆར་སོགས་སྐོར་ཉམས་མྱོང་སྤེལ་རེས་ཀྱི་བཀའ་མོལ་གནང་བ་དང་། ཉིན་རྒྱབ་ནས་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་བསྐོང་སྟེ་མ་འོངས་ལས་དོན་སྤེལ་ཕྱོགས་སྐོར་གོ་བསྡུར་གནང་རྒྱུ་ཡིན་འདུག
བྷོ་ཌི་ཨོ་སི་ཀྲི་ལི་ཡའི་གཞན་ཕན་ཚོགས་པ་ཞེས་པ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཟུང་ཕྱི་ལོ་ ༡༩༨༩ ལོར་བཙུགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་དེས་འདས་པའི་ལོ་ངོ་ ༣༠ རིང་གཞན་ཕན་རོགས་སྐྱོར་གྱི་རྩ་དོན་དམིགས་སུ་ཟིན་ཏེ་བོད་ཕྱི་ནང་གཉིས་དང་། རྒྱ་གར། བྷང་ལ་དེ་ཤེ། ཐའེ་ལན་སོགས་སུ་ཉམ་ཐག་རོགས་སྐྱོར་གྱི་ལས་གཞི་སྣ་མང་སྤེལ་ཡོད་པ་དང་། དུས་ད་ལྟའང་རྒྱ་གར་གྱི་གྲོང་ཁྱེར་པུ་ནེ་ Pune, Maharashtra ནང་ Dalit རྡ་ལིད་བུད་མེད་སོགས་ཀྱི་འཕྲོད་བསྟེན། ཤེས་ཡོན། ནུས་སྟོབས་གོང་ཐོར་སྤེལ་བའི་ལས་འགུལ་མུ་མཐུད་སྤེལ་མུས་ཡིན་པ་བཅས། །