ཟླ་བ་ ༦ ཚེས ༡༤ ༢༠༡༩
Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༤ རེས་གཟའ་པ་སངས།

༄༅། །ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཕར་སི་ལགས་ཀྱིས།  ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༡ ཉིན་ཨིན་ཡུལ་གྱི་ཨེཌ་མོན་ཊོན་ Edmonton གྲོང་ཁྱེར་གྱི་རྙིང་ཞེན་ཚོགས་པའི་འཛིན་སྐྱོང་ཚོགས་མི་རྣམས་ལ་བོད་དོན་གཏམ་བཤད་རྒྱ་ཆེ་སྤེལ་འདུག  ལས་ཁུངས་ཀྱི་ཟླ་རེའི་གཏམ་བཤད་སྤེལ་རྒྱུའི་ལས་རིམ་དང་བསྟུན། ཐེངས་འདིར་ཨིན་ཡུལ་སྐུ་ཚབ་དོན་གཅོད་ལ་ཇི་ལྟར་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས། དེང་སྐབས་བོད་ནང་དུ་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་འོག བོད་མི་རྣམས་ལ་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་རྩ་བ་ནས་མེད་པ་མ་ཟད། བོད་ཀྱི་རང་བྱུང་ཁོར་ཡུག་ཚུན་ལའང་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་བརྟེན།  ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ཁྱོན་ ༡༥༠ ལྷག་གིས་རང་ལུས་མེར་སྲེག་གི་ལམ་ནས་ཞི་རྒོལ་རྔམ་སྟོན་གནང་ཡོད་སྐོར་ངོ་སྤྲོད་གནང་བ་མ་ཟད།  

 

དོན་གཅོད་ནས་༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་འོག་བོད་མི་ཁྲི་ཕྲག་འགའ་ཤས་རྒྱ་གར་ནང་བཙན་བྱོལ་དུ་༸ཞབས་སོར་བཀོད་པའི་རྒྱུད་རིམ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ལས་དོན་གནང་ཕྱོགས། ལྷག་པར་ཕྱི་འབྲེལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་ཁང་གི་ལས་དོན་གནང་ཕྱོགས་དང་། སྒོས་སུ་ཨིན་ཡུལ་དོན་ཁང་གི་བྱེད་སྒོ་ཁག་ངོ་སྤྲོད་གནང་འདུག རྒྱ་ནག་གཞུང་གིས་བོད་ཀྱི་གཙང་པོ་ཁ་སྒྱུར་བྱས་ནས་རྒྱ་ནག་ནང་གི་ཆུ་དཀོན་པོ་ཡོད་སའི་ས་ཆར་འདྲེན་བཞིན་པ་དང་། བོད་ཀྱི་གཙང་ཆུའི་སྟེང་རྒྱ་ནག་གཞུང་གིས་ཆུ་མཛོད་གང་བྱུང་བརྒྱབ་དང་རྒྱག་བཞིན་པ་སོགས་ལ་བརྟེན་ནས་ས་ཡོམ་གྱི་རྒྱུ་རྐྱེན་བྱས་པ།  དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་གང་བྱུང་གཏེར་ཁ་སྔོག་འདོན་བྱས་རྐྱེན་ས་རུད་ཀྱི་གོད་ཆགས་ཕོག་པ་དང་། གཙང་ཆུ་འབགས་བཙོག་བཟོ་བཞིན་པ་སོགས་ཞིབ་ཕྲ་གསལ་བཤད་གནང་འདུག ཕྱོགས་མཚུངས་ས་གནས་སོ་སོའི་གྲོས་ཚོགས་འཐུས་མི་བརྒྱུད་གྲོས་ཚོགས་ནང་བོད་དོན་གླེང་སློང་ཡོང་ཐབས་གནང་དགོས་པའི་རེ་གནང་བ་མ་ཟད།  བོད་ཀྱི་ཁོར་ཡུག་གཞི་ལ་བཞག་སྟེ། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་དོ་ཕོག་ཇི་ཙམ་བཏང་དང་གཏོང་བཞིན་པ་དེ་དག་ལུང་འདྲེན་དང་སྦྲགས།  བྱེད་བབ་དེས་རྒྱལ་སྤྱིའི་ཁྱོན་དུ་གནམ་གཤིས་འགྱུར་ལྡོག་གིས་གཙོས་གོ་ལའི་ཁོར་ཡུག་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་བཞིན་པ་སོགས་གླེང་སློང་གནང་དགོས་པ་དང་། ལྷག་པར་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མིང་གི་ལྷག་མར་བྱས་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེ་དག་འཕྲལ་མར་མཚམས་འཇོག་ཡོང་ཐབས་དགོས་པའི་རེ་འདུན་ཤུགས་བཏོན་གནང་འདུག   དེ་རྗེས་དྲི་བ་དྲིས་ལན་གྱི་ལས་རིམ་སྐབས་ཚོགས་མི་ཚོས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་བསྒྱུར་བའི་གནས་སྟངས་ཐོག་སེམས་འཚབ་ཤུགས་ཆེ་གནང་འདུག་པ་བཅས། །

Share with your friends










Submit