ཟླ་བ་ ༦ ཚེས ༡༢ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༦ ཚེས་ ༡༢ རེས་གཟའ་ལྷག་པ།

༄༅། །འདི་གར་སྦར་སེལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༩ ཉིན་སྦེལ་ཇམ་རྒྱལ་ས་གཉིས་པ་ཨན་ཝར་པན་དུ་སྦེལ་ཇམ་བོད་རིགས་ཚོགས་པའི་སློབ་གྲྭ་ཤེས་རབ་སྣང་བྱེད་དབུ་བརྙེས་ནས་ལོ་ངོ་ ༦ འཁོར་བའི་དུས་ཆེན་གཟབ་རྒྱས་སྲུང་བརྩི་གནང་ཡོད། ཐེངས་འདིའི་མཛད་རིམ་ནང་སློབ་ཕྲུག་ངོས་ནས་རིག་རྩལ་འགྲན་སྡུར་དང་། ཁང་ཚན་སོ་སོར་ངོ་སྤྲོད་ཀྱི་ལས་རིམ་ཁ་སྣོན་བྱས་ཏེ་སློབ་ཕྲུག་ཚོར་བོད་ཀྱི་རྒྱལ་རབས་དང་སྐད་ཡིག་སོགས་ཀྱི་ཚད་གཞི་གོང་འཕེལ་ཡོང་ཐབས་གནང་ཡོད་འདུག

མཛད་སྒོ་དངོས་གཞིའི་སྐབས་སློབ་གྲྭའི་སློབ་སྤྱི་བློ་བཟང་དབང་པོ་ལགས་དང་བོད་རིགས་ཚོགས་པའི་ཚོགས་གཙོ་ཕུར་བུ་དོན་གྲུབ་ལགས་གཉིས་ནས་གསུང་བཤད་གནང་རྗེས་སྦྱིན་བདག་ཁག་ལ་ཐུགས་རྗེ་ཆེ་ཞུ་དང་། སློབ་ཕྲུག་རྩེ་ཕུད་རྣམས་ལ་བྱ་དགའ་གནང་རྗེས་སློབ་གྲྭའི་ལོ་འཁོར་རྩིས་ཁྲ་སྒྲོགས་སྦྱང་གནང་འདུག 

མཛད་སྒོའི་སྐུ་མགྲོན་གཙོ་བོ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ནས་འབྲེལ་ཡོད་རྣམ་པར་སློབ་གྲྭའི་འཛིན་སྐྱོང་དང་། དང་བླངས་པ་རྣམས་ཀྱིས་ཤེས་ཡོན་ལ་ཕན་པའི་ཕྱག་ལས་ཧུར་ཐག་གནང་བར་བསྔགས་བརྗོད་གནང་བ་དང་། ཕ་མ་རྣམས་ནས་ཕྲུ་གུ་ཚོར་བོད་ཀྱི་སྐད་ཡིག་སྦྱོང་ཐབས་ལ་འབད་བརྩོན་ཧུར་སྐྱེད་གནང་དགོས་པའི་ཞབས་སྐུལ་ཡང་ཞུས་འདུག 

ཐེངས་འདིའི་མཛད་སྒོའི་ཐོག་སྐུ་མགྲོན་མང་དག་ཅིག་ཕེབས་ཡོད་པ་རྣམས་ནི།  བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་འགན་འཛིན་རྣམ་པ་དང་། ས་གནས་བོད་མི་དང་ཕྱི་རྒྱལ་ཚོགས་སྡེ་ཁག་གི་སྐུ་ཚབ། སྦྱིན་བདག་ཁག་ཅིག  དེ་བཞིན་ཕ་མ་བུ་ཕྲུག་བརྒྱ་ཕྲག་ཁ་ཤས་ལྷན་འཛོམས་ཐུབ་ཡོད་པ་བཅས།།

Share with your friends










Submit