Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༣ རེས་གཟའ་ཟླ་བ། 

༄༅། །བཞུགས་སྒར་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནས་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་བའི་དོན་གཉེར་ཅན་རྣམས་ལ་དམིགས་བསལ་ནང་ཆོས་ངོ་སྤྲོད་ཐེངས་ ༡༣ པར་དམིགས་ཏེ་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༠།༣༠ བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་རྒྱལ་ཡོངས་མཐོ་སློབ་ཁག་གྲངས་ ༥༣ དང་། ཨ་རི་དང་། ཁེ་ན་ཌ། བལ་ཡུལ་བཅས་ཀྱི་མཐོ་སློབ་ཁག་གྲངས་ ༨ ། བཞུགས་སྒར་རྡ་ས་ཁུལ་དུ་རྟེན་གཞི་བྱས་པའི་སྨན་རྩིས་ཁང་དང་། ཤེས་རབ་དགའ་ཚལ་སློབ་གླིང་། དེ་བཞིན་བོད་ཁྱིམ་སློབ་གྲྭ་སེ་ལ་ཀུ་དང་། རྡ་སྟེང་བོད་ཁྱིམ། རྡ་ཤོད་བོད་ཁྱིམ། སུ་ཇ་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ་ཁག་གི་དབུ་འཛིན་དང་སློབ་སྤྱི། དགེ་རྒན་སློབ་ཕྲུག བཞུགས་སྒར་རྡ་ས་བཅས་ནས་ཕེབས་པའི་སེར་སྐྱ་མི་མང་སྟོང་ཕྲག་ཁ་ཤས་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་སྩལ་སོང་། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྔ་དྲོ་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་མང་ཚོགས་ལ་བཀའ་སློབ་སྩལ་དོན།

དེ་རིང་འདིར་ནམ་རྒྱུན་སློབ་ཕྲུག་ཚོར་ཆོས་འབྲེལ་བྱེད་རྒྱུ་དེ་ཡིན། དེ་རིང་གི་ཡིག་ཆ་དེ་ལག་ལེན་སོ་བདུན་མ་ཡིན། ཁྱེད་རང་ཚོ་ཚང་མར་དེབ་རག་སོང་ངམ། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དེ་ཁྱེད་རང་ཚོས་བཏོན་ཟིན་པ་རེད། འདོན་པ་མང་པོ་འདོན་མི་དགོས་པ་བྱོས། དུས་ཚོད་འཕྲོ་བརླག་རེད། ཁྱེད་རང་ཚོ་སློབ་ཕྲུག་དེ་དག་བོད་གངས་ཅན་ལྗོངས་ཀྱི་ཤ་ཁྲག་རུས་གསུམ་ནས་མར་མཆེད་པ་ཞིག་ཆགས་བསྡད་ཡོད། ཁྱེད་རང་ཚོའི་སྐྱེས་ས་རྒྱ་གར་དང་ལུང་པ་འདྲ་མིན་ནས་སྐྱེས་པ་ཡིན་རྒྱུ་རེད། ཡིན་ནའང་བོད་རིགས་ཟེར་བའི་མིང་དེ་ང་རང་ཚོ་ཚང་མས་འཁྱེར་ནས་འགྲོ་གི་ཡོད། བོད་རིགས་ཟེར་བའི་མིང་དེ་མ་ཤི་བར་དུ་ང་ཚོས་འཁྱེར་ནས་འགྲོ་རྒྱུ་རེད། དེར་འགྱུར་བ་གཏོང་རྒྱུ་གང་ཡང་མེད། བོད་རིགས་ཟེར་བ་དེ་ག་འདྲ་རེད། ལོ་རྒྱུས་ཀྱི་ཐོག་ནས་ཕ་སྤྲེ་རྒན་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་ཞེས་བཤད་སྲོལ་ཡོད་པ་རེད་དེ། ཏག་ཏག་ཅིག་ཡིན་མིན་ངོས་ནས་ཞེ་དྲགས་ཡིད་ཆེས་བྱེད་ཀྱི་མེད། ལོ་སྟོང་ཕྲག་ཕྱིན་པའི་ལོ་རྒྱུས་ཟེར་བ་དེ་དད་པ་ཡིན་པ་བཟོ་འདྲ་བོ་འགྲེལ་བཤད་འདྲ་མིན་བརྒྱབ་ནས་ཡིད་ཆེས་རྙེད་ཁག་པོ་རེད། གང་ལྟར་མིག་མཐོང་ལག་ཟིན་ཞིག་ག་རེ་ཡོད་པ་རེད་ཅེས་ལབ་ན། ང་ཚོའི་བོད་གངས་ཅན་ལྗོངས་ལ་མིའི་རིགས་ཆགས་ནས་ཕལ་ཆེར་ལོ་ཁྲི་བཞི་ལྔ་ཕྱིན་པའི་དཔང་རྟགས་ཡོད།

ས་འོག་ནས་རྡོ་ཆས་དང་མིའི་རུས་པ་ཐོན་པ་དག་ལ་ཞིབ་འཇུག་བྱས་པའི་སྐབས་ལོ་སྟོང་ཕྲག་བཞི་བཅུ་ལྔ་བཅུ་ཕྱིན་ཡོད་པ་བཤད་ཀྱི་འདུག དེར་བརྟེན་མི་རིགས་རྙིང་ཁུངས་ཤིག་རེད། མི་རིགས་རྙིང་ཁུངས་ཡིན་པ་ཙམ་གྱིས་ངོ་མཚར་སྐྱེ་རྒྱུ་དང་ཧ་ལས་པ་གང་ཡང་མེད། མི་རིགས་དེས་ལོ་སྟོང་ཕྲག་ལྷག་གི་རིང་ལ་གསར་གཏོད་ག་རེ་བྱས་འདུག དེ་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་རེད། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡིག་གསར་གཏོད་གནང་འདུག  རྒྱ་གར་གྱི་ཡི་གེ་ Devanagari ལ་དཔེ་བལྟས་ནས་དབྱངས་དང་གསལ་བྱེད་ལྡན་པའི་བོད་པའི་ཡི་གེ་གསར་གཏོད་གནང་བ་རེད། ཡིག་གཟུགས་དབྱངས་དང་གསལ་བྱེད་རྒྱ་གར་གྱི་ཡི་གེ་ལ་དཔེ་བལྟས་པ་རེད་མ་གཏོགས། རྩ་བ་ང་ཚོ་བོད་པའི་སྐད་ཐོག་ནས་བཟོས་པ་རེད། དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུ་གནང་སྐབས། མཁན་ཆེན་ཞི་བ་འཚོས་ཁྱེད་རང་ཚོར་བོད་ཡིག་ཟུར་དུ་འདུག དེར་བརྟེན་ཁྱེད་རང་ཚོས་ལེགས་སྦྱར་དང་རྒྱ་གར་གྱི་སྐད་དེ་འདྲ་བསླབ་དགོས་པ་མ་རེད།

ཁྱེད་རང་ཚོར་ཡི་གེ་ཡོད་པར་བརྟེན་ལེགས་སྦྱར་དང་པཱ་ལིའི་གཞུང་རྣམས་བོད་ཡིག་ནང་གང་ཐུབ་བསྒྱུར་དགོས་པ་རེད་ཅེས་བཀའ་སློབ་གནང་འདུག མཁན་ཆེན་ཞི་བ་འཚོ་ཁོང་རང་གིས་ཀྱང་བོད་ཡིག་སློབ་རྒྱུར་འབད་བརྩོན་གནང་བ་རེད། ཅེས་ངོས་ནས་གོ་མྱོང་ཡོད། གང་ལྟར་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཡོད། པོ་ཏི་རེ་རེའི་འགོ་ལ་རྒྱ་གར་སྐད་དུ་དེ་ནས་བོད་སྐད་དུ་ཞེས་གང་ལྟར་སངས་རྒྱས་པའི་ཆོས་མཁན་ཆེན་ཞི་འཚོས་ངོ་སྤྲོད་གནང་བའི་ཟབ་ཅིང་བརླིང་བ་དེ་ཆ་ཚང་བོད་སྐད་ནང་འགྲེལ་བཤད་རྒྱག་རྒྱུ་ཡོད། བོད་སྐད་ནང་འགྲེལ་བཤད་བརྒྱབ། བསམ་བློ་བཏང་། སྒྲུབ་པ་ཉམས་ལེན་བྱས། སེམས་ལ་ཉམས་རྟོགས་ཀྱི་རྟོགས་པ་སྐྱེས་བསྡད་པའི་བོད་སྔ་འགྱུར་དང་ཕྱི་འགྱུར་སྐབས་ལ་བོད་རང་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བུ་དམ་པ་མང་པོ་ཞེ་དྲགས་བྱུང་བ་རེད། འདས་པའི་ལོ་རྒྱུས་འདི་འདྲའི་གཟི་བརྗིད་ཆེན་པོ་ཡོད་པ་རེད། ངོས་ཀྱིས་འཛམ་བུ་གླིང་འདིའི་སྒང་ལ་ནང་པ་སངས་རྒྱས་པའི་ཆོས་དེ་འཛམ་གླིང་ཤར་ཕྱོགས་ཀྱི་ཉི་མ་ནང་བཞིན་རེད་ཅེས་ཟེར་གྱི་ཡོད། འཛམ་བུ་གླིང་གི་ནུབ་ཕྱོགས་ཡི་ཤུ་མ་ཤི་ཀའི་ཆོས་བརྒྱུད་རེད།

ཞེ་དྲགས་ཕན་ཐོགས་པོ་རེད། ཡག་པོ་ཞེ་དྲགས་རེད། འཛམ་བུ་གླིང་དཀྱིལ་ཤར་མང་ཆེ་བ་ཁ་ཆེ་རེད། དེ་ནས་རྒྱ་གར་དམིགས་བསལ་རེད། རྒྱ་གར་ནང་འཛམ་བུ་གླིང་གི་ཆོས་ལུགས་ཕལ་ཆེ་བ་ཡོད། ཧིན་དུ་དང་། ཁ་ཆེ། ཡེ་ཤུ། ཛོ་ར་སི་ཊིན་ Zorastrian ཟེར་བ་མུམ་བྷེ་ལ་འདུག   ཛོ་ར་སི་ཊིན་ Zorastrian རྗེས་འབྲང་བ་ཞེ་དྲགས་ཉུང་ཉུང་རེད། ཁོང་ཚོ་ཉུང་ཉུང་ཡོང་དགོས་པའི་རྒྱུ་མཚན་སྤུན་མཆེད་ནང་ཁུལ་ལ་ཆང་ས་རྒྱག་གི་ཡོད་པ་རེད་ཟེར་གྱི་འདུག ག་ཚོད་བདེན་པ་ཡིན་མིན་ཤེས་ཀྱི་མེད།
ཁོང་ཚོ་སྔ་མོ་པར་ཤི་ཡ་ Persia ནས་ཡོང་བ་རེད། རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་ནང་ཛོ་ར་སི་ཊིན་གྱི་ཆོས་བརྒྱུད་འཛིན་མ
ཁན་འབུམ་གཅིག་ཙམ་ཡོད། གྲོང་ཁྱེར་མུམ་བྷེ་ནང་ཧིན་དུ་ས་ཡ་མང་པོ་ཡོད། ཁ་ཆེ་ས་ཡ་མང་པོ་ཡོད། ཡེ་ཤུ་ས་ཡ་མང་པོ་ཡོད། ཡིན་ཡང་ཛོ་ར་སི་ཊིན་གྱི་ཆོས་བརྒྱུད་འཛིན་མཁན་ཚོ་གྲོང་ཁྱེར་མུམ་བྷེའི་ནང་ཞེད་སྣང་དང་། བག་ཚ་བོ། ལྷོད་གཡེང་བྱེད་རྒྱུ་གང་ཡང་མེད་པར་འཚོ་བཞིན་ཡོད། དེ་རྒྱ་གར་གྱི་དངོས་གནས་ཁྱད་ཆོས་རེད་འདུག འཛམ་བུ་གླིང་གི་ཆོས་ལུགས་གཙོ་ཆེ་བ་རྒྱ་གར་ནང་ཡོད། དེ་བཞིན་གཅིག་གིས་གཅིག་ལ་བརྩི་བཀུར་བྱེད་ཀྱི་ཡོད། ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཡོད་པ་རེད། རྩ་བའི་ཆོས་ལུགས་དེ་དག་ཚང་མ་མི་ལ་ཕན་ཐོགས་ཡོད་བསྡད་པ་ཞིག་ལ་ངོས་འཛིན་བྱས་ནས་གང་ལྟར་གུས་ཞབས་ཡོད་བསྡད་པ་ཞིག་རེད་འདུག་ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ལག་ལེན་སོ་བདུན་མའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་བཅས། །

Share with your friends










Submit