Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༩ རེས་གཟའ་ལྷག་པ།


༄༅། །ཨིན་ཡུལ་རྒྱལ་མོའི་འཁྲུངས་སྐར་སྐབས་མི་སྣ་ཁྱད་པར་ཅན་འགའ་ཞིག་ལ་ཨིན་ཇི་གོང་མའི་གཟེངས་རྟགས་གནང་སྲོལ་ཡོད་པ་ལྟར། འདི་ལོའི་སྙན་གྲགས་ཅན་གྱི་ཨིན་ཇི་གོང་མའི་གཟེངས་རྟགས་ཆེན་མོ་ནི། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེ་ར་སྨད་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་རིང་མཆོག་ལ་འབུལ་རྒྱུ་ཡིན་འདུག

དེ་ཡང་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༩ ཟླ་  ༦  ཚེས་  ༡༤ ཉིན་རྒྱབ་ཚོུད་ ༢༌༣༠ ཐོག སེར་སྨད་གྲྭ་ཚང་གི་ཕྱག་མཛོད་ཁང་དང་དབུ་མཛད་དགེ་བསྐོས་སོགས་ཀྱིས་གྲྭ་ཚང་གི་ཐོག་ཁར་མཁན་རིན་པོར་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་རྟེན་འབྲེལ་མཇལ་དར་ཕུལ་བའི་ཐོག་ནས་རྟེན་འབྲེལ་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་གནང་ཡོད། མཛད་སྒོའི་ཐོག་མཁན་རིན་པོ་ཆེ་མཆོག་གིས། གཟེངས་རྟགས་གནང་རྒྱུ་གཏན་འཁེལ་བྱུང་བའི་གནས་ཚུལ་ཤེས་རྟོགས་བྱུང་སྐབས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་དགེ་བའི་བཤེས་གཉེན་རྣམ་པ་དང་། གདན་ས་ཁག་གི་བཀའ་དྲིན་ལ་བརྟེན་ནས་འདས་པའི་ལོ་ངོ་ཉི་ཤུ་རྩ་གྲངས་རིང་ཨིན་ཡུལ་ནང་དུ་ནང་ཆོས་ཐོག་ཞབས་ཞུ་སྒྲུབ་ཐུབ་པ་ཙམ་ལས་གཞན་གཟེངས་རྟགས་ཐོབ་པ་དེས་ཕྲན་ལ་དམིགས་བསལ་སེམས་ཚོར་གང་ཡང་མ་བྱུང་ཞེས་དང་།

གཟེངས་རྟགས་གོ་སྒྲིག་ཚོགས་ཆུང་ནས་འདི་ལོའི་ཕྱི་ཟླ་ ༤ ནང་ཡིག་ངག་གཉིས་ཐོག་ནས་གཟེངས་རྟགས་ངོས་བཞེས་གནང་མིན་སོགས་དང་འབྲེལ་བའི་བཀའ་འདྲི་དགོངས་སྐོར་ཞུས་གནང་ཡོད་ཅིང་། སྐབས་དེར་མཁན་རིན་པོ་ཆེ་མཆོག་ལ་གཟེངས་རྟགས་དེ་ངོས་བཞེས་གནང་རྒྱུའི་ཐུགས་འདོད་དེ་ཙམ་མེད་ཀྱང་མཁན་རིན་པོ་ཆེ་མཆོག་གི་ཐུགས་ངོ་མཁྱེན་པའི་ཨིན་གཞུང་གི་ལས་བྱེད་མི་སྣ་ཚོས་གཟེངས་རྟགས་དེ་ངོས་བཞེས་གནང་བ་ཡིན་ན་བོད་མིའི་མཚན་མཐོང་ལ་ཕན་ཐོགས་ཡོད་པའི་དགོངས་ཚུལ་སྟོན་པ་ལྟར། ཁོང་གིས་ཀྱང་དེ་མཚུངས་ངོ་བཞེས་གནང་པ་ཞིག་ཡིན་པ་གསུང་གནང་འདུག

སྤྱིར་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་ནི། ཕྱི་ལོ་ ༡༩༥༨ ལོར་བོད་ཀྱི་ནུབ་ཕྱོགས་སུ་ཆགས་པའི་སྤུ་ཧྲེང་ཁུལ་དུ་འཁྲུངས་ཤིང་། བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས་ནང་མི་དང་ལྷན་དུ་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སུ་སེར་སྨད་གྲྭ་ཚང་ཀོང་པོ་ཁང་ཚན་དུ་ཆོས་ཞུགས་དང་འབྲེལ་གཞུང་ཆེན་ཀ་པོད་ལྔར་གསན་བསམ་སློབ་གཉེར་མཐར་ཕྱིན་གནང་སྟེ། ཕྱི་ལོ་ ༡༩༩༠ ལོར་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་ལམ་སྟོན་དང་འབྲེལ་ནས་ཕྱི་ལོ་ ༡༩༩༡ ལོ་ནས་བཟུང་ཡོ་རོབ་དང་། བྱང་ཨ་མི་རི་ཀ། དེ་བཞིན་ཨེ་ཤ་ཡ་རྒྱལ་ཁབ་སོགས་ནང་བོད་བརྒྱུད་ནང་བསྟན་ཐད་སློབ་ཁྲིད་གནང་བཞིན་ཡོད་འདུག

ཕྱི་ལོ་ ༢༠༡༧ ལོར་ལོན་ཌོན་གཙུག་ལག་སློབ་གཉེར་ཁང་ནས་ཨེ་ཤ་ཡ་དང་ཨ་ཕི་རི་ཀའི་ཐོག་གི་མི་རྒྱུད་དཔྱད་རིག་ཐད་གཙུག་ལག་རབ་འབྱམས་ཀྱི་སློབ་མཐར་སོན་པ་དང་། ཁོང་གིས་ཨིན་ཡིག་ཐོག་ The Foundation of Buddhist Thought འམ་ནང་པའི་ལྟ་གྲུབ་ཀྱི་རྨང་གཞི་ཞེས་པའི་ཕྱག་དེབ་པོད་ ༧ ཙམ་བརྩམས་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་ཐོག་ ༩༡ པར་བསྐོ་གཞག་གི་བཀའ་ཡིག་ཕེབས་ཏེ་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༧ ཉིན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་དངོས་སུ་མཁན་པོའི་ཁྲི་འདོན་མཛད་སྒོ་གཟབ་རྒྱས་ཚོགས་ཡོད་པ་དང་། ད་ལྟ་མཁན་པོའི་མཛད་འགན་བཞེས་མུས་ཡིན་པ་བཅས། །

Share with your friends










Submit