ཟླ་བ་ ༦ ཚེས ༢༧ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།
ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། འཁོན་རིགས་བསྟན་པའི་མངའ་བདག་དཔལ་ས་སྐྱ་ཁྲི་འཛིན ༤༢ པ་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རབ་གནས་གནང་ཡོད།

དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས ༢༥ ཉིན་རྒྱབ་ཆུ་ཚོད ༤།༣༠ ཐོག་འཁོན་རིགས་བསྟན་པའི་མངའ་བདག་དཔལ་ས་སྐྱ་ཁྲི་འཛིན ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཆེད་ཕེབས་སྐབས་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་གིས་དཀར་གཙང་མཇལ་དར་ཐོགས་ནས་དོན་ཁང་མདུན་ལམ་ནས་ཕེབས་བསུ་ཞུས་རྗེས། དོན་གཅོད་ཁང་གི་ལས་བྱེད་རྣམས་ལའང་གོང་མ་ཁྲི་འཛིན་རིན་པོ་ཆེར་མཇལ་བའི་སྐལ་བཟང་གི་གོ་སྐབས་བཟང་པོ་ཐོབ།
གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དོན་གཅོད་ཁང་རབ་གནས་བྱིན་འབེབས་བཀའ་དྲིན་བསྐྱངས་གནང་གྲུབ་མཚམས་དོན་ཁང་གཟིགས་སྐོར་དང་བསྟུན། སྐུ་ཚབ་དོན་གཅོད་མཆོག་གིས་སྐུ་ཚབ་དོན་གཅོད་ཁང་དང་སྐུ་ཚབ་དོན་གཅོད་ཁང་གི་ཕྱག་ལས་གནང་ཕྱོགས་ཞིབ་གནས་སྙན་སེང་ཞུས། རིན་པོ་ཆེ་མཆོག་གིས་ཐུགས་མཉེས་པོས་བཀའ་སློབ་ལམ་སྟོན་གནང་གྲུབ་རྗེས་རྒྱལ་སའི་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གདན་ཞུས་ལྟར་ཕེབས་ཐོན་གནང་ཡོད་པ་བཅས། །
Share with your friends










Submit