ཟླ་བ་ ༦ ཚེས ༡༣ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༦ ཚེས་ ༡༣ རེས་གཟའ་ཕུར་བུ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༨ ཉིན་རྡ་ས་མེག་གྷན་ (Club house) དུ་ཉིན་གྲངས་གསུམ་རིང་གི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་མཇུག་སྡོམ་མཛད་སྒོ་ཞིག་ཚོགས་གནང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་དོན། ཁ་སང་ཚོགས་འདུ་དབུ་འབྱེད་མཛད་སྒོའི་སྐབས་ལ་གྲོས་གཞི་དང་འབྲེལ་བའི་གྲོས་ཆོད་ཡག་པོ་ཞིག་ཡོང་རྒྱུར་ངས་གང་ཙམ་ཞུས་པ་ཡིན། བོད་རྒྱལ་ཁབ་ཉག་ཕྲ་བའི་དུས་ཚོད་འདིར་རྣམ་པ་ཚོས་འདས་པའི་ཉིན་གསུམ་རིང་གི་དུས་ཚོད་བཏང་ནས་སྤྱི་པའི་དོན་དུ་བགྲོ་གླེང་གནང་སྟེ་གྲོས་ཆོད་བཞག་ཡོད་པ་རེད།  བྱས་ཙང་གྲོས་ཆོད་གང་བཞག་པ་རྣམས་ཕྱག་བསྟར་ཐུབ་པ་བྱེད་དགོས་པ་གལ་ཆེན་པོ་རེད། བོད་ནང་བོད་མི་རང་ལོ་ ༡༥ ཡན་ནས་ ༦༥ བར་གྱིས་བོད་ཀྱི་རྩ་དོན་ཆེད་སྐུ་ལུས་མེར་བསྲེགས་ཕུལ་བཞིན་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་མཚོན་ན། སྲིད་དོན་གྱི་ཚོགས་པ་ཞིག་གི་ངོ་བོ་ཡིན་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་བཞིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་སོགས་ཚོགས་ཆེན་རིམ་པར་བཀའ་མོལ་བྱུང་རྗེས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ (National Democratic Party of Tibet) ཞེས་པའི་ཐ་སྙད་དེ་ད་བར་སྲུང་སྐྱོབ་བྱས་ནས་ལོ་ངོ་ ༢༤ འགྲོ་གི་ཡོད།

འཛམ་གླིང་རྒྱལ་ཁབ་གཞན་ནང་མི་མང་གིས་མང་གཙོ་ཡར་རྩོད་ལེན་བྱས་པ་ཞིག་ཡིན་ཡང་། ང་ཚོར་མཚོན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་ལ་མང་གཙོ་མར་གསོལ་སྩལ་མཛད་པ་ཞིག་རེད། ད་ཆ་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ངོ་ ༥༨ ལྷག་འགྲོ་གི་ཡོད་པ་མ་ཟད། བཙན་བྱོལ་ནང་སླེབས་ནས་ལོ་ངོ་ ༦༠ འགྲོ་གི་ཡོད། ཐོག་མར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འགོ་འཛུགས་པའི་སྐབས་རྩ་ཁྲིམས་དང་། སྲིད་བྱུས་བསྒྲགས་གཏམ་ཟེར་བ་དེ་འདྲ་ཡོད་རེད། མི་རིགས་དང་འཐབ་རྩོད་ཀྱི་ཆེད་དུ་དམིགས་ཡུལ་ཞིག་ཡོད་རེད། ང་ཚོའི་འཐབ་རྩོད་ཀྱི་དམིགས་ཡུལ་དེ་བོད་མིའི་བདེན་མཐའ་གསལ་བར་བྱེད་རྒྱུ་ཡིན་པ་དང་། དེར་བོད་མིའི་སྒྲིག་འཛུགས་ལ་ཆ་བཞག་ན། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད། ཚོགས་པ་སོ་སོའི་ངོས་ནས་དམིགས་ཡུལ་གཞན་གཟུང་མི་ཆོག་པ་གང་ཡང་མེད། ཅེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གིས་བཀའ་སྩལ་ཡོད། སྒྲིག་འཛུགས་སོ་སོའི་ངོས་ནས་འཐབ་རྩོད་བྱེད་སྟངས་མི་འདྲ་བ་ཞིག་ཆགས་ཀྱི་ཡོད་ཀྱང་། མཐའ་མའི་དམིགས་ཡུལ་དེ་བོད་ནང་ལ་ལོག་རྒྱུ་དེ་རེད།

སྲིད་དོན་ཚོགས་པར་ལྟ་གྲུབ་སྣ་ཚོགས་དགོས་ཀྱི་ཡོད་རེད།  དེའི་ནང་གཙོ་བོ་དཔལ་འབྱོར་གྱི་ལྟ་གྲུབ་རིགས་སྣ་ཚོགས་དགོས་ཀྱི་ཡོད། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ལེའུ་གསུམ་པའི་དགོངས་དོན་གཞིར་བཟུང་བྱས་ན། མཐའ་གཉིས་སུ་མ་ལྷུངས་པ་ཞེས་ཟེར་དུས། མཐའ་གཅིག་ཏུ་སྤྱི་ཚོགས་རིང་ལུགས་མ་ཡིན་པ། མཐའ་གཅིག་ཏུ་མ་རྩ་རིང་ལུགས་མ་ཡིན་པ། མཐའ་གཅིག་ཏུ་གུ་ཡངས་རིང་ལུགས་མ་ཡིན་པ་ཞེས་ཡོད། རྒྱ་གར་གྱི་དཔལ་འབྱོར་སྲིད་བྱུས་ལྟ་བུ་མཉམ་བསྲེས་ (Mixed Economy) མ་ཡིན་པ།  དེ་བཞིན་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་ལྟ་གྲུབ་ཀྱང་མི་འདྲ་བ་རེད། ཨིན་ཇིའི་རྒྱལ་ཁབ་ནང་ལ་སྲིད་དོན་ཚོགས་པར་ཆ་བཞག་ན། ངལ་རྩོལ་པའི་སྲིད་དོན་ཚོགས་པ་དང་། རྙིང་ཞེན་ཅན་གྱི་སྲིད་དོན་ཚོགས་པ་སོགས་ལྟ་གྲུབ་སྣ་ཚོགས་ཡོད་རེད། གུ་ཡངས་ཅན་གྱི་ལྟ་གྲུབ་དེ་ཚང་མ་འདྲ་མཉམ་ཐོག་འགྲོ་རྒྱུ་དང་། སྤྱི་ཚོགས་ལ་ཕན་ཐོགས་ཡོད་པ། གཞུང་ནས་ལས་གཞི་མང་ཆེ་བ་མི་མང་ལ་སྤྲད་ནས་སྒེར་བདག་ཅན་དུ་བསྒྱུར་རྒྱུ།  དཔེར་ན་རྒྱ་གར་ལྟ་བུར་མཚོན་ན། གནམ་ཐང་དང་། མེ་འཁོར། གློག་སོགས་ཀྱི་ལས་གཞི་གཉེར་མཁན་སྒེར་པ་ཁག་གིས་བྱེད་བཞིན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ནང་ཡོངས་རྫོགས་གཞུང་ནས་བྱེད་དགོས་པ། དེང་སང་ཆབ་སྲིད་ལྟ་གྲུབ་ཚོགས་པ་གསར་ཤོས་ལྗང་ཁུ་ཚོགས་པ་ (Green Party)  ཞེས་ཁོར་ཡུག་སྲུང་སྐྱོབ་གལ་ཆེན་པོར་བརྩིས་པའི་ལྟ་གྲུབ་ཐོག་ནས་ཆབ་སྲིད་ཚོགས་པ་འཛུགས་ཡོད་པ་རེད། སུད་སི་རྒྱལ་ཁབ་ནང་ཆ་བཞག་ན། སོ་སོའི་ཆོས་ལུགས་གལ་ཆེར་ལྟ་གྲུབ་འཛིན་མཁན་ (Christian Democratic Party) ཆབ་སྲིད་ཚོགས་པ་ལྟ་བུ། བྱས་ཙང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ཟེར་དུས་བོད་སྤྱི་ཡོངས་ལ་ཁྱབ་པའི་སྲིད་དོན་ཚོགས་པ་ (National Democratic Party of Tibet) ཞེས་པའི་ཐ་སྙད་དེ་གལ་གནད་ཅིག་རེད།

བྱས་ཙང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་སྲིད་དོན་ཚོགས་པ་ཞིག་ཡིན་པའི་ཆ་ནས་མང་གཙོའི་ཡོན་ཏན་རྣམས་མཁྱེན་པའི་ཐོག་ང་ཚོའི་སྤྱི་ཚོགས་ནང་མང་གཙོ་སྲ་བརྟན་དང་། ཚགས་ཚུད་ཡོང་རྒྱུར་འབད་བརྩོན་བྱ་རྒྱ་དེ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་རེད། རྒྱུན་ལས་གསར་པ་ཕེབས་མཁན་ཡོངས་ཀྱིས་ཕྱག་ལས་བབ་རླིང་བརྟན་གསུམ་གྱི་ཐོག་ནས་གནང་རྒྱུ་གལ་ཆེན་པོ་ཡིན་པ་བཅས་གསུངས་གནང་ཡོད་པ་བཅས། །

Share with your friends










Submit