ཟླ་བ་ ༦ ཚེས ༡༤ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༤ རེས་གཟའ་པ་སངས། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༤ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ།  རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་གཉིས་ཀྱིས་གོ་སྒྲིག་མཐུན་འགྱུར་འོག   ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༥ ནས་ ༡༦ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བསྐོང་ཚོགས་གནང་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། 

དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ The Core Group for Tibetan Cause ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ Shri R K Khrimey ལགས་དང་།  ཚོོགས་གཞོན་སྐུ་ཞབས་སུན་དར་ཀུ་མཱར་ Shri Sunder Kumar  ལགས།   དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་དཔལ་འབྱོར་ལགས་ཀྱི་ངོ་སྤྲོད་གནང་བསྟུན།  ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་དུ།   རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ནི་ཕྱི་ལོ་ ༢༠༠༢ ལོར་ཐོག་མར་གསར་འཛུགས་གནང་བ་དང་།  ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་གྲགས་ཅན་ཛཱཡཱ་པྲ་ཀཱཤ་ན་ར་ཡན་ Jai Prakash Narayan མཆོག་གིས་དབུ་ཁྲིད་འོག  ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་གྱི་གྲོང་ཁྱེར་ཀལ་ཀ་ཏར་ Calcutta རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་  All India Convention on Tibet ཆེས་ཐོག་མ་ཚོགས་ནས་ལོ་ངོ་དྲུག་ཅུ་འཁོར་བ་དང་། ཕྱོགས་མཚུངས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྣེ་འཁྲིད་པའི་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་དུ་འབྱོར་ནས་མི་ལོ་ ༦༠ འཁོར་བ་བཅས་ལ་དམིགས་ནས་ལོ་འདི་ཧྲིལ་པོ་སྲུང་བརྩི་ཞུ་རྒྱུའི་ཡིན་སྐོར་དང་།  ད་ལྟའི་ཆར་འཛམ་གླིང་ནང་རང་དབང་ཆེས་ཞན་པོ་ཡོད་པའི་རྒྱལ་ཁབ་སི་རི་ཡའི་རྗེས་བོད་ཡིན་སྐོར་སོགས་གསུངས། 

གཞན་ཡང་དེང་སྐབས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱ་ནག་ལ་མཚོན་ན། དཔལ་འབྱོར་དང་ཆབ་སྲིད་སོགས་ནུས་སྟོབས་ཇི་ཙམ་རྒྱས་བཞིན་ཡོད་ཀྱང་བོད་མི་ཚོས་མུ་མཐུད་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་ཧ་ཅང་མྱངས་དང་མྱོང་བཞིན་པར་བརྟེན།  ད་བར་བོད་མི་ ༡༥༣ རང་ལུས་མེར་སྲེག་ལམ་ནས་རྒྱ་ནག་གཞུང་གི་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་རྔམ་སྟོན་བྱས་ཡོད་པ་རེད། 

ལྷག་པར་ཐེངས་འདིར་ཚོགས་བཅར་བ་མི་གྲངས་ ༡༨༠ ནས་ ༢༠༠ བར་མཉམ་ཞུགས་གནང་གཏན་འཁེལ་ཡོད་སྟབས།  ལྷན་ཚོགས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་སྐབས་རྒྱབ་གཉེར་བསམ་འཆར་ཁག་གཞི་ལ་བཞག་སྟེ་འབྱུང་འགྱུར་བོད་དོན་ལས་འགུལ་ཚགས་ཚུད་ཇི་ལྟར་སྤེལ་དགོས་པའི་ཐོག་གོ་བསྡུར་གནང་རྒྱུ་ཡིན་འདུག 

སྐབས་དེར་ཚོགས་གཞོན་གྱིས་བོད་ཀྱི་ཁོར་ཡུག་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་གཙང་པོའི་ཐོག་ཆུ་མཛོད་གང་བྱུང་བརྒྱབ་པ་དང་། གཏེེར་ཁ་གང་བྱུང་སྔོག་འདོན་བྱས་པ་སོགས་ལ་བརྟེན་ནས་བོད་ཀྱི་གཤམ་འོག་འབྲེལ་ཡོད་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ནང་ཆུའི་དཀའ་ངལ་འཕྲད་བཞིན་པའི་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་གསར་འགོད་པས་དྲི་བར་ལན་འདེབས་གནང་སྟེ་གསར་འགོད་གསལ་བསྒྲགས་དེ་བཞིན་ཚགས་ཚུད་པོ་ངང་ནས་གྲོལ་ཡོད་པ་བཅས། །

Share with your friends










Submit