ཟླ་བ་ ༦ ཚེས ༡༠ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༠ རེས་གཟའ་ཟླ་བ། 

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར་མདོ་སྔགས་བསྟན་འཛིན་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༧ རེས་གཟའ་པ་སངས་ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཐུག་ཕམ་དང་སྦྲགས།  དམ་པ་དེ་ཉིད་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྤྱི་སྨན་ཞབས་ཞུ་བསྒྲུབས་པར་རྗེས་དྲན་སླད། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༠ རེས་གཟའ་ཟླ་བ་ཕྱེད་ཡོལ་ཆུ་ཚོད་ ༡༢ ཐོག་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག  རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཞིག་ཚོགས་གནང་ཡོད། 

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསུང་བཤད་གནང་རྗེས་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་དམ་པ་དེ་ཉིད་ཀྱི་མི་ཚེ་ལོ་རྒྱུས་སྒྲོག་སྦྱང་གནང་། སྨོན་ལམ་གྲུབ་མཚམས་ཉིན་རྒྱབ་ཆུ་ཚོད་ ༢ ནས་གཞུང་འབྲེལ་མྱ་ངན་གུས་འདུད་མཚོན་ཕྱིར་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད།

དེ་ཡང་དམ་པ་ཁོང་ནི་ཡབ་ལྷུན་གྲུབ་སྐལ་བཟང་དང་། ཡུམ་འཇམ་དབྱངས་ཆོས་མཚོ་གཉིས་ཀྱི་སྲས་སུ་ ༡༩༤༠ ལོར་ལྷ་སར་འཁྲུངས། དགུང་ལོ་ ༨ ནས་ ༡༤ བར་གྲ་བཞི་དམག་སྒར་དུ་བོད་ཡིག་དང་རྩིས་ཀྱི་སློབ་སྦྱོང་གནང་།  དགུང་ལོ་ ༡༥ ནས་ ༢༡ བར་སྤྱིར་བཏང་གི་དམག་སྦྱོང་ཆ་ཚང་གནང་།

དམག་ཞབས་ཞུ་རིང་མདོ་སྤྱི་ལྷ་ཀླུའི་སྐུ་སྲུང་ཁོངས་ཆབ་མདོར་ཕེབས། ཕོ་བྲང་པོ་ཏཱ་ལའི་ཤར་རྒྱུས་གོ་མཛོད་སྲུང་འདོམས་ཞུས།

ཕྱི་ལོ་ ༡༩༥༩ ལོར་ནོར་གླིང་ཆུ་རྒྱུས་དགྲ་སྡེ་སྲུང་འགོག་ཞུས་པ་དང་བོད་ཟླ་ ༢ ཚེས་ ༨ མཚན་མོའི་ཆུ་ཚོད་ ༡༡  ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་རེ་ཞིག་བཙན་བྱོལ་དུ་ལྷོ་བརྒྱུད་ཆིབས་བསྒྱུར་སྐབས་ཆིབས་ཞབས་སྐུ་སྲུང་ཁོངས་སུ་རང་དམག་རུ་ཤོག་གཉིས་དང་བཅས་རྒྱ་བོད་ས་མཚམས་ཆུ་དངས་མོ་བར་༸སྐུ་ཕྱའི་སྲུང་འདོམས་ཞུས།

ཕྱི་ལོ་ ༡༩༥༩ ལོར་རྟ་དབང་བརྒྱུད་ཨ་སམ་མི་ས་མི་རིར་ཕེབས།

ཕྱི་ལོ་ ༡༩༦༠ ནང་མ་སུ་རི་གཏན་སློབ་རྩ་འཛུགས་སློབ་གྲངས་ ༥༠ ཁོངས་སུ་བཞུགས། གཞི་རིམ་མ་ཐོན་གོང་ལག་ནའུ་དུ་དགེ་རྒན་སློབ་སྦྱོང་གནང་རྗེས་མ་སུ་རིར་ལུས་རྩལ་དང་བོད་ཡིག རྩིས་བཅས་ཀྱི་དགེ་རྒན་གནང་།

ཕྱི་ལོ་་༡༩༩༡ ཟླ་ ༩ ཚེས་ ༡༩ ནས་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་གྱི་མཛད་ཁུར་བཞེས་ཡོད།

ཕྱི་ལོ་ ༡༩༩༦ ཟླ་ ༦ ཚེས་ ༥ ནས་ཕྱི་ལོ་ ༡༩༩༧ ཟླ་ ༡ ཚེས་ ༢༡ བར་བདེ་སྲུང་བཀའ་བློན་གྱི་མཛད་ཁུར་བཞེས་ཡོད།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༧ ཉིན་ཨ་རི་མ་ཌི་སེན་ Madison དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པ་བཅས། ། 

Share with your friends










Submit