ཟླ་བ་ ༦ ཚེས ༡༣ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༣ རེས་གཟའ་ཕུར་བུ། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༣ རེས་གཟའ་ལྷག་པའི་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་ཚོགས་ཁང་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩ་ཚོགས་པའི་ Foundation for Universal Responsibility of His Holiness The Dalai lama གོ་སྒྲིག་འོག རྒྱ་གར་རྒྱལ་ཡོངས་མཐོ་སློབ་ཁག་ནང་སློབ་གཉེར་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་གྲངས་  ༢ བཅས་ཁྱོན་སློབ་ཕྲུག་གྲངས་ ༢༨ དང་ཐུག་འཕྲད་གནང་འདུག 

སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་རྣམས་ཀྱི་དྲི་བར་གསལ་བཤད་དང་སྦྲགས་གསུང་བཤད་གནང་དོན།  ང་ཚོ་འདིར་བོད་མིའི་སྒྲིག་འཛུགས་ནང་ཡོད་པའི་བོད་མི་རྣམས་བོད་དོན་འཐབ་རྩོད་དང་གཞིས་བཞུགས་བོད་མིའི་མངོན་འདོད་བསྒྲུབ་ཆེད་བཙན་བྱོལ་དུ་ཡོང་བ་རེད།  ང་རང་སྒེར་ལ་མཚོན་ན།  ལས་ཀ་ཇི་འདྲ་ཞིག་བྱེད་སྐབས་ཐེ་ཚོམ་མེད་པའི་ཐོག་ནས་བྱེད་བཞིན་ཡོད།  རིམ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་ལངས་པ་ཡིན། ཐེ་ཚོམ་བྱས་ནས་བསྡད་ན་དུས་ཚོད་མང་པོ་འཕྲོ་བརླག་འགྲོ་ཡི་རེད། ཐེ་ཚོམ་མེད་པར་ལས་ཀ་བྱེད་དགོས། ཞེས་སོགས་གསུངས།

དེ་ནས་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཁེ་ན་ཌའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་རྒྱུན་ལས་ཚོགས་ཆུང་ནང་བོད་དོན་ཉན་ཞིབ་ཆེད་ཇི་ལྟར་མགྲོན་འབོད་ལྟར། ཆེད་ཕེབས་ཀྱིས་བོད་ནང་གི་ད་ལྟའི་གནས་སྟངས་ཇི་ཡིན་ཞིབ་ཕྲ་གསལ་བཤད་གནང་ཡོད་སྐོར་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། གཞིས་བཞུགས་བོད་རིགས་སྤྲུན་ཟླ་ཚོས་བྱེས་འཁོད་བོད་མི་རྣམས་ལ་རེ་བ་ཇི་འདྲ་ཞིག་སྐྱོན་བཞིན་ཡོད་སྐོར་སོགས་གསུངས།

དེ་ཡང་སྤྱིར་གུ་རུ་ཀུལ་ Gurukul Programme ལས་འཆར་འདི་བཞིན་ཐོག་མར་ཕྱི་ལོ་ ༡༩༩༤ ལོར་འགོ་འཛུགས་གནང་སྟེ་འདི་ལོ་ཐེངས་ ༢༥ ཆགས་ཡོད་པ་དང་། སློབ་ཕྲུག་ཚོས་རྡ་སར་བོད་པའི་ཆོས་དང་རིག་གཞུང་། གོམས་གཤིས་སོགས་ཉམས་མྱོང་གསོག་རྒྱུ་ཙམ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྐོར་ཤེས་རྟོགས་ཡོང་ཆེད་ཕེབས་པ་ཡིན་འདུག་པ་བཅས། །

Share with your friends










Submit