ཟླ་བ་ ༦ ཚེས ༡༡ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༠ ཉིན་རྡ་སྟེང་བོད་ཁྱིམ་རྩེད་ཐང་དུ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་གསེར་གྱི་རྟགས་མའི་རྩེད་འགྲན་ཐེངས་ ༢༥ པའི་ཉིན་མཐའ་མའི་མཇུག་སྡོམ་མཛད་སྒོ་རྒྱས་པ་ཞིག་ཚོགས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཡོལ་ཙམ་ལ་རྩེད་ཐང་གི་རྭ་བའི་གཡས་གཡོན་དུ་སྤྲོ་སྣང་གི་སྐད་སྒྲ་འུར་ཆིལ་ལེར་སྒྲོག་པའི་དབུར་དཔལ་ལྡན་སྲིད་སྐྱོང་མཆོག་སྐུ་མགྲོན་གྱི་གཙོ་བོར་སྡིངས་ཆའི་སྟེང་ཕེབས་བསུ་ཞུས།

ཐེངས་འདིའི་མཇུག་སྡོམ་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག  བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དམིགས་བསལ་སྐུ་མགྲོན་རྡ་སའི་གྲོང་ཁྱེར་སྤྱི་ཁྱབ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། བོད་ཁྱིམ་འགན་འཛིན་དང་ལས་བྱེད། རྡ་ས་གཙོ་བོར་གྱུར་བའི་ཕྱོགས་མཐའ་འདྲ་མིན་ནས་ཕེབས་པའི་རྐང་རྩེད་སྤོ་ལོར་སྤྲོ་སྣང་དང་དགའ་ཞེན་ཆེ་བའི་མི་ཚོགས་སྟོང་ཕྲག་བརྒལ་བར་འདུ་འཛོམས་ཀྱིས་ཐོག་མར་གྷོ་པལ་པུར་བོད་ཁྱིམ་དང་རྡ་སྟེང་བོད་ཁྱིམ་གྱི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་བར་འགྲན་བསྡུར་གནང་བ་དང་གྷོ་པལ་པུར་བོད་ཁྱིམ་གྱིས་རྒྱལ་ཁ་བླངས།

དེ་ནས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ངོས་ནས་བུད་མེད་རྐང་རྩེད་སྤོ་ལོ་རྩེད་མཁན་གང་མང་ཡོང་རྒྱུ་དང་། མ་འོངས་པར་རྒྱལ་སྤྱིའི་འགྲན་བསྡུར་ནང་མཉམ་ཞུགས་ཐུབ་པའི་རེ་བ་ཞུ་བཞིན་ཡོད། ད་རས་བུ་མོ་རྣམས་ནས་རྐང་རྩེད་སྤོ་ལོ་ཧ་ཅང་ཡག་པོ་རྩེད་གནང་སོང་། མ་འོངས་པར་མུ་མཐུད་ཡག་པོ་རྩེད་གནང་རོགས་ཞེས་འབོད་སྐུལ་དང་སྦྲགས་དེ་རིང་འདིར་པེབས་པའི་མཛད་གཙོ་རྣམ་པ་དང་། སྐུ་མགྲོན་རྣམ་པ། དེ་བཞིན་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་རྩེད་སྤོ་ལོའི་གོ་སྒྲིག་གནང་མཁན་དང་། འགན་འཁུར་གནང་མཁན། རྩེད་འགྲན་པ་དང་མི་མང་ཡོངས་ལ་ངོས་ཀྱི་བཀའ་ཤག་གིས་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ད་བར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་གསེར་གྱི་རྟགས་མའི་རྩེད་འགྲན་ཐེངས་ ༢༥ བར་གོ་སྒྲིག་གནང་ཐུབ་པ་རླབས་ཆེན་གྱི་བྱས་རྗེས་རེད། ལས་གཞི་ག་འདྲ་ཞིག་ཡིན་རུང་ཐོག་མ་འགོ་འཛུགས་དུས་དཀའ་ལས་ཁག་པོ་ཡོད་པ་མ་ཟད། མཇུག་སྐྱོང་རྒྱུ་དེ་བས་དཀའ་ལས་ཁག་པོ་ཡོད། དེར་བརྟེན་ད་བར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ནང་ཕྱག་ལས་གནང་མཁན་ཡོངས་ལ་བསྔགས་བརྗོད་དང་འབྲེལ་ད་དུང་ཡིན་ནའང་མུ་མཐུད་ཕྱག་ལས་ཡག་པོ་གནང་རོགས་ཞེས་ཞུ་རྒྱུ་ཡིན།

ཐེངས་འདིའི་རྐང་རྩེད་སྤོ་ལོ་རྩེད་འགྲན་ནང་ཨིན་ཡུལ་དང་། བལ་ཡུལ། བྱང་ཨ་རི། རྒྱ་གར་བཅས་ནས་ཁྱོན་བོད་མིའི་རྐང་སྤོལ་རྩེད་འགྲན་རུ་ཁག་ ༢༣ མཉམ་ཞུགས་གནང་འདུག ས་ཐག་རིང་པོ་ནས་ཕེབས་རྒྱུ་ལས་སླ་པོ་མེད་ནའང་རྣམ་པ་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་འགན་བཞེས་པའི་ཐོག་ས་ཐག་རིང་པོ་ནས་ཆེད་མངགས་བཞུགས་སྒར་རྡ་སར་ཕེབས་ཏེ་རྩེད་འགྲན་ནང་མཉམ་ཞུགས་གནང་བ་དེས་བརྡ་ལན་གསལ་པོ་གང་འཕྲོད་ཀྱི་ཡོད་དམ་ཞེ་ན། བོད་མི་རྣམས་འཛམ་གླིང་ས་ཕྱོགས་གང་དུ་གནས་པ་ཡིན་ནའང་བོད་མི་རྣམས་ནང་མི་གཅིག་ནང་བཞིན་ཡིན་པ་དང་། རྩ་དོན་གཅིག་ཡིན་པ། དབུ་ཁྲིད་གཅིག་ཡིན་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་བོད་སྤྱི་པའི་རྩ་དོན་སླད་སྐུ་ལས་སྐྱོན་མཁན་ཡིན་པ་གསལ་པོ་སྟོན་ཐུབ་པ་ཧ་ཅང་ཡག་པོ་རེད། ཅེས་ཞུ་རྒྱུ་ཡིན། 

རྩེད་འགྲན་བ་ནང་ནས་དྲག་འདེམ་གྱིས་ཨིན་ཡུལ་སོགས་ཀྱི་ནང་རྐང་རྩེད་སྤོ་ལོ་རྩེད་མཁན་མང་པོ་བྱུང་ཡོད། དེར་བརྟེན་མཉམ་ཞུགས་གནང་མཁན་ཡོངས་ལ་བསྔགས་བརྗོད་ཡོད། དེ་རིང་འདིར་མོན་གྷོ་དང་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་གཉིས་དབར་རྐང་རྩེད་སྤོ་ལོ་འགྲན་བསྡུར་གནང་རྒྱུ་ཡིན་པ་རེད།

ཉེ་ཆར་ནས་བཟུང་རྐང་རྩེད་སྤོ་ལོ་འགྲན་སྡུར་བྱས་པའི་རིང་རྙོག་གྲ་གང་ཡང་མ་བྱུང་བ་དེར་བསྔགས་བརྗོད་དང་འབྱུང་འགྱུར་དེ་དེ་བཞིན་དུ་སྤྲོ་སྣང་དང་ལྡན་པའི་སྒོ་ནས་བརྩེ་གནང་ཡོང་བ་ཞུ་རྒྱུ་ཡིན་ཞེས་གསུང་བཤད་གནང་གྲུབ་མཚམས་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་གསེར་གྱི་རྟགས་མའི་རྩེད་འགྲན་ཐེངས་ ༢༥ པའི་མཐའ་མའི་རྩེད་འགྲན་མོན་གྷོ་རུ་ཁག་དང་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་གཉིས་དབར་རྩེད་འགྲན་འགོ་བརྩམས་པ་དང་ཆབས་ཅིག་མོན་གྷོ་རུ་ཁག་གིས་སྤོ་ལོ་ ༡ དང་། དོན་གྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་གིས་སྤོ་ལོ་ ༡ བླུགས་ཏེ་འདྲ་མཉམ་ཆགས་སྟབས། མཐར་ Penalty Kick རྩེད་འགྲན་གནང་སྟེ་དོན་གྲུབ་གླིང་རུ་ཁག་གིས་སྤོ་ལོ་གཉིས་དང་། མོན་གྷོ་རུ་ཁག་གིས་སྤོ་ལོ་བཞི་བླུགས་ཏེ་ཐེངས་འདིའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་གསེར་གྱི་རྟགས་མ་དེ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་ཁག་གིས་རྒྱལ་ཁ་བླངས་ཡོད་པ་བཅས། །

Share with your friends










Submit