ཟླ་བ་ ༦ ཚེས ༢༠ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༠ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༧ ཉིན་གྱི་དགོང་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་སྙན་གྲགས་ཅན་གྱི་ཁམ་བྷིར་ཇི་མཐོ་སློབ་ཁང་གི་ཁམ་བྷིར་ཇིའི་བགྲོ་གླེང་སྡེ་ཁག་ཏུ་འཛམ་གླིང་སྤྱི་དང་ཡང་སྒོས་ཨེ་ཤི་ཡའི་ནང་བོད་ཀྱི་གལ་གནད་རང་བཞིན་སྐོར་གསུང་བཤད་གནང་དོན། ཆོས་ལུགས་དང་། ས་བབ་ཆབ་སྲིད། ཁོར་ཡུག་བཅས་ཀྱི་ཐོག་ནས་བལྟས་ཀྱང་བོད་ནི་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། དེང་སྐབས་རྒྱལ་ཞེན་རིང་ལུགས་དང་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་འགྲོ་བཞིན་པའི་སྐབས་འདིར།

ཨེ་ཤི་ཡའི་ནང་གོ་མཚོན་འགྲན་སྡུར་བྱེད་ཀྱི་ཡོད་སྟབས། གལ་ཏེ་རྒྱ་གར་ནག་གཉིས་ཀྱིས་ཕན་ཚུན་བར་གོ་མཚོན་བེད་སྤྱོད་བྱས་ཚེ། བོད་ནི་ས་བབ་འཐབ་བྱུས་ཀྱི་ཆ་ནས་རྒྱ་གར་ནག་གཉིས་ཀྱི་བར་དམག་འཁྲུག་འབྱུང་སའི་ལྟེ་བ་ཆགས་སྲིད་པའི་སྐོར་དང་། བོད་ནི་འཛམ་གླིང་གི་སྣེ་གསུམ་པ་ཞེས་བརྗོད་ཀྱི་ཡོད། ཚན་རིག་པས་བརྗོད་པ་ལྟར་ན། བོད་མཐོ་སྒང་གི་འཁྱགས་རོམ་རྣམས་བཞུ་བཞིན་ཡོད་པས། གོ་ལའི་གནམ་གཤིས་ཀྱི་འགྱུར་ལྡོག་སྐོར་རྟོགས་དགོས་ན། བོད་ཀྱི་ཁོར་ཡུག་གལ་གནད་རང་བཞིན་སྐོར་སློབ་སྦྱོང་བྱེད་དགོས་ཞེས་དང་། དེ་བཞིན་ནུབ་ཕྱོགས་སུ་བོད་བརྒྱུད་ནང་བསྟན་ལ་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ནང་པ་སངས་རྒྱས་པའི་ཆོས་ཀྱིས་འགྲོ་བ་མི་ཡོངས་ལ་ཕན་བདེ་སྐྲུན་གྱི་ཡོད་པ་སོགས་ཀྱི་སྐོར་གསུང་། 

དཔལ་ལྡན་སྲིད་སྐྱོང་མཆོག་གིས་མུ་མཐུད་གསུང་དོན། བོད་མིའི་སྒྲིག་འཛུགས་ཀྱིས་རང་བཙན་རྩོད་ཀྱི་མེད་པ་དང་། རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད། ཅེས་དང་། དབུ་མའི་ལམ་ནི་བོད་ཀྱི་གནད་དོན་གསལ་བར་དངོས་ཡོད་དང་མཐུན་པ་ཞིག་རེད། ཅེས་གསུང་། དྲི་བ་དྲིས་ལན་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བཙན་བྱོལ་དུ་བོད་མི་ཚོས་མང་གཙོ་ཡང་དག་པ་ལོངས་སུ་སྤྱོད་བཞིན་ཡོད་པའི་སྐོར་དང་། བཙན་བྱོལ་བོད་མིའི་འབྲི་ཀློག་ཤེས་ཡོན་གྱི་བརྒྱ་ཆ་༩༤ ལ་སོན་པའི་སྐོར། དཔལ་ལྡན་སྲིད་སྐྱོང་མཆོག་འཛམ་གླིང་གི་ས་ཕྱོགས་གང་སར་ཕེབས་སྐབས་རྒྱ་གཞུང་གིས་གནོན་ཤུགས་སྤྲོད་བཞིན་ཡོད་པ་སོགས་ཀྱི་སྐོར་གསུངས། ། 

Share with your friends










Submit