ཟླ་བ་ ༦ ཚེས ༡༣ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༣ རེས་གཟའ་ཕུར་བུ།  

༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༡ ནས་ཚེས་ ༢༥ བར་ཉིན་གྲངས་བཅོ་ལྔ་རིང་ས་རཱ་མཐོ་སློབ་སློབ་གཉེར་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་གཞི་རིམ་འོག་མ་དང་བར་མའི་སློབ་ཚན་གཞན་གྱི་དགེ་རྒན་གྱི་བོད་ཡིག་ཡར་རྒྱས་ཟབ་སྦྱོང་ཚོགས་གནང་ཡོད། 

དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༡༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་འཕར་སྐུ་ངོ་འཇིགས་མེད་རྣམ་རྒྱལ་ལགས་དང་།  ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་རྒན་པ་སངས་ཚེ་རིང་ལགས།ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། དེ་བཞིན་སམ་བྷོ་ཊའི་ཁྱབ་ཁོངས་སློབ་ཁག་ ༦ གྱི་གཞི་རིམ་བར་མའི་དགེ་རྒན་ ༡༠ དང་། གཞི་རིམ་འོག་མའི་དགེ་རྒན་ ༢ བཅས་ཁྱོན་དགེ་རྒན་བུ་མོ་གྲངས་ ༧ དང་བུ་གྲངས་ ༥ བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཟབ་སྦྱོང་གི་དམིགས་ཡུལ་དང་ལས་རིམ་ངོ་སྤྲོད་གནང་དོན། ད་ལན་གྱི་ཟབ་སྦྱོང་འདི་གཞི་རིམ་འོག་མ་དང་བར་མའི་སློབ་ཚན་གཞན་གྱི་དགེ་རྒན་གྱི་བོད་ཡིག་ཡར་རྒྱས་གཙོ་བོར་དམིགས་ཏེ་སྤྲོད་པ་ཞིག་ཡིན་སྐོར་དང་། དེ་ཡང་གཙོ་བོ་སློབ་གྲྭ་ཁག་ནང་གཞི་རིམ་བར་མའི་སློབ་ཚན་ཆ་ཚང་བོད་ཡིག་ཐོག་སློབ་ཁྲིད་བྱ་དགོས་ཀྱི་ཡོད་སྟབས། དགེ་རྒན་གྱི་བོད་ཡིག་གི་གནས་ཚད་གང་ལེགས་དགོས་པའི་རྒྱུ་མཚན་གྱིས་ཟབ་སྦྱོང་འདི་བཞིན་གོ་སྒྲིག་ཞུས་པ་བཞིན་ཤེས་རིག་ལས་ཁུངས་ངོས་ནས་སློབ་གྲྭ་ཁག་ལ་བཀོད་ཁྱབ་བཏང་བའི་ནང་སམ་བྷོ་ཊའི་ཁྱབ་ཁོངས་སློབ་ཁག ༦ ཙམ་གྱི་  གཞི་རིམ་བར་མའི་དགེ་རྒན་ ༡༠ དང་། གཞི་རིམ་འོག་མའི་དགེ་རྒན་ ༢ བཅས་ཁྱོན་དགེ་རྒན་བུ་མོ་གྲངས་ ༧ དང་བུ་གྲངས་ ༥ བཅས་ནས་དང་བླངས་ཐོག་ཆེད་དུ་མངགས་ནས་རང་ཉིད་ཀྱི་དབྱར་ཁའི་གུང་སེང་དང་བསྟུན་ཟབ་སྦྱོང་འདིར་མཉམ་ཞུགས་གནང་ཡོད་སྐོར། ཟབ་སྦྱོང་བ་རྣམས་ལ་སློབ་ཁྲིད་གནང་མཁན་ས་རཱ་མཐོ་སློབ་ཀྱི་རྒན་པ་སངས་རྒྱལ་མཚན་ལགས་དང་། རྒན་ཚེ་ལེགས་ལགས།    གངས་སྐྱིད་དཔེ་སྟོན་སློབ་གྲྭའི་བོད་དགེ་པ་པངས་ལགས་བཅས་གསུམ་ཡིན་པ་དང་། དེ་འབྲེལ་ཟབ་སྦྱོང་བ་རྣམས་ལ་ཉིན་གྲངས་བཅུ་གཉིས་ཀྱི་ལས་རིམ་ཞིབ་ཕྲ་ཇི་ཡིན་ངོ་སྤྲོད་གནང་གྲུབ་མཚམས་ཚོགས་བཅར་བ་དགེ་རྒན་བཅུ་གཉིས་སོ་སོས་རང་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་།

དེ་རྗེས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་རྒན་པ་སངས་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་དོན།  རྒན་ལགས་ནས་ས་རཱ་མཐོ་སློབ་ངོས་ནས་ལོ་ལྟར་གུང་སེང་སྐབས་བོད་ཡིག་ཡར་རྒྱས་གཏོང་འདོད་ཡོད་མཁན་ཡོད་ན་སློབ་ཡོན་དང་། འཚང་ག་རྒྱག་མི་དགོས་པའི་ཐོག་ནས་ཕེབས་རོགས་གནང་ཞེས་ཡང་ཡང་ཞུ་གི་ཡོད། ད་ལན་གུང་སེང་སྐབས་ཤེས་རིག་ལས་ཁུངས་ངོས་ནས་ཟབ་སྦྱོང་གོ་སྒྲིག་ཞུས་འདུག ད་ལན་གྱི་ཟབ་སྦྱོང་འདི་ས་རཱ་མཐོ་སློབ་ཏུ་ད་བར་ཟབ་སྦྱོང་མང་པོ་ཚུགས་པའི་ནང་མི་འདྲ་བ་ཞིག་མཐོང་བྱུང་། དེ་ནི་ཟབ་སྦྱོང་བ་རྣམས་རང་ཉིད་ཀྱི་བོད་ཡིག་ཤེས་ཚད་ཡར་རྒྱས་གཏོང་རྒྱུར་དམིགས་ཏེ་ཚང་མ་དང་བླངས་ཐོག་ཕེབས་པ་ཤ་སྟག་རེད་འདུག་་པ་དང་། ཟབ་སྦྱོང་དངོས་སུ་མ་ཚུགས་གོང་ནས་མཉམ་ཞུགས་གནང་མཁན་དགེ་རྒན་སོ་སོར་ཕྱི་རྒྱལ་ཨ་རིའི་ལུགས་སྲོལ་ལྟར་ཐོག་མར་ཟབ་སྦྱོང་མ་སྤྲོད་གོང་དགེ་རྒན་ངོས་ནས་གྲ་སྒྲིག་བྱེད་དགོས་མང་པོ་ཞིག་ཡོད་པ་དེ་བཞིན་ད་ལན་གྱི་ཟབ་སྦྱོང་འདིར་དགེ་རྒན་ངོས་ནས་དག་ཡིག་དང་ལེགས་བཤད་ལྗོན་དབང་གི་རྩ་ཚིག་བློ་འཛིན་གནང་དགོས་པ་གསུང་འདུག་པ་དང་། དགེ་རྒན་ངོས་ནས་གང་ལ་གང་འཚམས་གྱི་གྲ་སྒྲིག་བྱས་ཡོད་བཟོ་གོ་ཐོས་བྱུང་བ་དངོས་གནས་འགན་ཁུར་བླངས་པ་དེ་ངས་ངོས་ནས་ཡག་པོ་ཞིག་མཐོང་བྱུང་། གཞན་ཡང་ཁོང་ནས་༸གོང་ས་མཆོག་གི་བཀའ་སློབ་རིམ་པས་ནང་བོད་ཀྱི་སྐད་ཡིག་དེ་རྩ་ཆེན་པོ་ཞིག་ཡིན་པ་དང་། སྐད་ཡིག་མི་ཉམས་པ་གནང་དགོས་ཡང་ཡང་བཀའ་སློབ་ཕེབས་ཀྱི་ཡོད་ན་ངོ་ཚོས་མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་དེ་འདྲ་གནང་སོང་བསམ་ནས་བསྡད་ན་འགྲིག་མིན། དངོས་སུ་སྐད་ཡིག་ལ་དོ་སྣང་སྤྲད་དེ་ཡར་རྒྱས་གཏོང་དགོས་རྒྱུ་དེ་གལ་ཆེན་པོ་ཞིག་མཐོང་གི་འདུག

དེང་སང་སྐབས་ཕྱི་རྒྱལ་མི་སྣ་ཁྲོད་ནས་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། བོད་སྐད་ཡག་པོ་རྒྱག་གི་ཡོད། ངོ་ཚོ་བོད་པས་བོད་སྐད་རྒྱག་མཁན་ཉུང་དུ་འགྲོ་གི་ཡོད། ཉིན་གཅིག་སྐད་ཡིག་བརླག་འགྲོ་བའི་ཉེན་ཁ་དང་སེམས་འཚབ་ཡོང་གི་འདུག དཔེར་ན་ཕྱི་རྒྱལ་ཨེ་ཤི་ཡ་དང་། ཨ་རི་ལྟ་བུ་ཆ་མཚོན་ན་དངུལ་ཞིག་མ་སྤྲོད་པར་ཚུར་སློབ་སྦྱོང་རག་ཐབས་མེད་པ། ང་ཚོ་ཆ་བཞག་ན་ཆ་ཚང་རིན་མེད་ལྟ་བུ་ཆགས་ཀྱི་ཡོད། བྱས་ཙང་ཚང་མས་སྐད་ཡིག་ཡར་རྒྱས་བཏང་སྟེ་ཕྱིས་སུ་སློབ་གྲྭར་ཕེབས་ཏེ་དངོས་སུ་ཕན་ཐོགས་ཐུབ་པ་ཞིག་བྱེད་དགོས། དཔེར་ན་ང་ཚོ་རྒན་འཁོགས་ཆགས་དུས་རང་བཞིན་གྱི་སེམས་དེ་ཆོས་ལ་ཉེ་བ་ཞིག་ཡོང་གི་ཡོད་པ་ཡིན་དུས་དཔེ་ཆ་བལྟ་ཀློག་བྱེད་པར་བོད་ཡིག་བལྟ་ཀློག་ཡག་པོ་ཞིག་ཤེས་ཀྱི་མེད་ན་དཀའ་ངལ་འཕྲད་ཀྱི་ཡོད་པ་ཡིན། ང་ཚོ་བོད་པ་ཡིན་པའི་ཆ་ནས་སྐད་ཡིག་གཅིག་པུ་མིན་པར་རང་མི་རིགས་ཀྱི་རིག་གཞུང་དེ་ཡང་གཅེས་འཛིན་བྱེད་དགོས་ཡག་དེ་ཡང་ཤིན་ཏུ་གལ་ཆེན་པོ་ཞིག་མཐོང་གི་འདུག

དཔེར་ན་ངོ་ཚོ་བོད་པའི་ཐུན་མོང་མིན་པའི་ལུགས་སྲོལ་ནང་སྔ་དགོང་ཞལ་འདོན་སྐྱོར་རྒྱུ་དང་། ནང་དུ་ཕྱག་མཆོད་འབུལ་བྱ་རྒྱུ་དེས་སེམས་ནང་ཡིད་སྨོན་ཞིག་ཡོང་གི་ཡོད། བྱས་ཙང་ད་ལན་ཟབ་སྦྱོང་གི་ལས་རིམ་ནང་ཞོགས་པ་སྔ་པོ་ཞལ་འདོན་འཚོགས་རྒྱུ་ཡོད་པ་སོང་དངོས་གནས་ཡག་པོ་ཞིག་འདུག དགེ་རྒན་རྣམ་པ་ཚོ་མར་སློབ་གྲྭར་ལོག་ཕེབས་དུས་སློབ་ཕྲུག་ཚོར་སྐད་ཡིག་གཅིག་པུ་མིན་པ་ང་ཚོ་བོད་པའི་རིག་གཞུང་བཟང་པོའི་གོམས་གཤིས་ཐོག་སློབ་གསོ་ལམ་སྟོན་བྱེད་དགོས་པ་མཐོང་གི་འདུག་བཅས་གསུང་བཤད་གནང་། 

དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་འཕར་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་དོན། རྒན་ལགས་རྣམ་པ་ཚོས་ད་རིང་ཆེད་དུ་མངགས་ནས། དང་དུ་བླངས་ནས་བོད་ཀྱི་སྐད་ཡིག་ཡར་རྒྱས་ཀྱི་ཟབ་སྦྱོང་འདིར་ཕེབས་པར་ངས་ཤེས་རིག་ལས་ཁུངས་དང་ལྷག་པར་ང་རང་སྒེར་ངོས་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་ཡག་ཡིན། གང་ཡིན་ཟེར་ན་དེང་སང་མང་པོ་ཞིག་གིས་ལས་ཀ་ཞིག་ཐོབ་ཚར་རྗེས། དེ་ཡང་གཏན་འཇགས་ལས་ཀ་ཞིག་ཡིན་ན། མུ་མཐུད་སློབ་སྦྱོང་བྱ་རྒྱུ་དང་། ཡང་ན་ཡར་རྒྱས་གཏོང་དགོས་མེད་པ་ལྟ་བུའི་བསམ་ཚུལ་ཞིག་ཤུགས་མ་ཐུབ་ཀྱི་ཡོང་གི་ཡོད་པའི་ཚོར་སྣང་ཞིག་ཡོང་གི་འདུག ངས་དུས་རྒྱུན་དུ་ལས་བྱེད་རྣམ་པ་ཚོ་ལ་ནང་མོལ་ཚུལ་དུ་ཞུ་གི་ཡོད། ལས་ཁུངས་ནང་ལ་ཕྱག་ལས་གནང་བའི་སྐབས་ལ་སྐབས་རེ་ལས་འབོར་ཆེན་པོ་ཡོད་པ་དང་། སྐབས་རེ་ལས་བོར་དེ་ཙམ་ཆེན་པོ་མེད་པའི་གནས་སྟངས་ཀྱང་ཡོང་སྲིད་ཀྱི་རེད།      ཡོང་ཆོག་གི་རེད། གནས་སྟངས་དེ་འདྲའི་སྐབས་ལ་ངེས་པར་དུ་དུས་ཚོད་ཆུད་ཟོས་སུ་མ་གཏང་བར་དཔེ་དེབ་འདྲ་ཀློག་རྩོམ་ཐུང་འདྲ་བྲིས། ལྷག་པར་འཛིན་སྐྱོང་གི་ཕྱག་ལས་གནང་མཁན་ཞིག་ཡིན།

མ་འོངས་པར་སློབ་སྟོན་དང་འགོ་ཁྲིད་གནང་མི་ཞིག་ཆགས་ངེས་ལ་སོང་ཉམས་ཞིབ་པ་རྣམས་ཀྱི་བྲིས་པའི་དཔྱད་བརྗོད་ Opinion Piece དེ་འདྲ་ཀློག་ཐབས་གནང་དགོས་སོགས་རང་ཉིད་ཀྱི་ཁྱད་ལས་མུ་མཐུད་ཡར་རྒྱས་གཏོང་དགོས་ཞུ་གི་ཡོད། གལ་ཏེ་རང་ཉིད་ཡར་རྒྱས་ཕྱིན་པ་ཡིན་ན་ལས་དོན་གང་གི་ཆེད་མངགས་པ་དེ་ཚགས་ཚུད་པོ་དང་གཟེངས་སུ་ཐོན་པ་ཞིག་ཡོང་གི་རེད། གཞན་ལ་ཡང་མིག་དཔེ་བཟང་པོ་སྤྲོད་ཐུབ་ཀྱི་རེད་ཅེས་ཞུ་བསྡད་ཀྱི་ཡོད། རྣམ་པ་ཚོ་ད་རིང་ཟབ་སྦྱོང་འདིར་དང་དུ་བླང་ནས་ཕེབས་པ་ཞེ་དྲག་ཡག་རེད་བསམ་གྱི་ཡོད། ཡར་རྒྱས་ལ་མཐའ་མེད།

ཤེས་རིག་ལས་ཁུངས་ཀྱི་ཟབ་སྦྱོང་འདི་སྤྲོད་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ད་ལྷ་གསུངས་པ་ནང་ལྟར།     ང་རང་ཚོ་བཙན་བྱོལ་དུ་འབྱོར་རྗེས་གནས་སྟངས་ཤིག་གི་དབང་གིས་རྒྱ་གར་ཨིན་ཇིའི་དབང་སྒྱུར་འོག་ཡོད་སྐབས་ Lorda Macaulay ཡིས་ཚིག་ཐོར་བཀོད་པའི་གནས་ཚང་རྒྱལ་ཁབ་ཀྱི་ཤེས་ཡོན་སྲིད་བྱུས་གང་ཡོད་པ་དེ་གྲ་མ་ཉམས་གྲུ་མ་ཞིག་པར་བོད་པའི་སློབ་གྲྭ་ཁག་ལ་ཡང་མི་ལོ་ ༤༥ ལྷག་གཅིག་མཚུངས་ལག་བསྟར་བྱས་པ་རེད། འོན་ཀྱང་དེས་དངོས་འབྲེལ་ཤེས་ཡོན་གྱི་དགོས་མཁོའི་ཁྱད་ཆོས་ཤེས་རབ་དང་། བྱམས་བརྩེ། དེ་དག་ལ་བརྟེན་པའི་བཟང་པོའི་ལྟ་སྤྱོད། གསར་གཏོད་སྒྱུ་སྩལ་བཅས་ཀྱི་ནུས་པ་རྣམས་སད་ཅིང་གོང་ནས་གོང་དུ་འཕེལ་བར་བྱས་ཐུབ་མེད་པ་ངོས་འཛིན་གནང་ཡོད། ང་ཚོའི་བསམ་བློར་ཡང་ཕྲུ་གུ་ཞུ་བ་དེ་འདམ་བག་ལྟ་བུ་ཞིག་མིན་པར་ས་བོན་ལྟ་བུ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། ནས་ཀྱི་ས་བོན་ལས་ནས་དང་གྲོ་ཡི་ས་བོན་ལས་གྲོ་མ་གཏོགས། ནས་ཡི་ས་བོན་ལས་གྲོ་དང་གྲོ་ཡི་ས་བོན་ལས་ནས་ནམ་སྐྱེ་མི་སྲིད། དེར་བརྟེན་ཕྲུ་གུ་རང་ཉིད་ཀྱི་ནུས་པ་གང་ཡོད་པ་དེ་རྒན་ལགས་རྣམ་པ་ཚོས་ངོས་བཟུང་ནས་སད་ཐབས་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ འདུག དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་ལ་ཆ་བཞག་ན། ཤེས་ཡོན་གྱི་སྲིད་བྱུས་དེ་དང་གཞན་རྒྱུ་མཚན་སྣ་ཚོགས་ཤིག་གི་དབང་གིས་ཉམས་ཆག་ཆེན་པོ་ཞིག་ཕྱིན་ཡོད་པའི་དགོངས་འཆར་གནང་མཁན་ཡང་མི་ཉུང་བ་ཞིག་ཡོད་ལ། མང་པོ་ཞིག་ནས་བོད་ནང་བོད་ཀྱི་སྐད་ཡིག་ཏང་གི་སྲིད་བྱུས་ཤིག་གི་འོག་ནས་རྩ་མེད་གཏོང་གིས་ཡོད་ཀྱང་། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་རང་དབང་གི་ཐོག་ནས་ཉམས་ཆག་གཏོང་གི་འདུག་གསུངས་པ་ཡང་ཕྱོགས་གཅིག་ནས་དངོས་འབྲེལ་རེད་བསམ་གྱི་འདུག

ཐ་ན་ང་ཚོས་ཉང་ཕན་ཚུན་སྐད་ཆ་བཤད་སྐབས་ཀྱང་ལུང་པ་འདྲ་མིན་གྱི་སྐད་ཡིག་བསྲེ་ལྷན་བྱས་ནས་བཤད་ཀྱི་ཡོད་པ་ཚང་མས་མཁྱེན་གསལ་རེེད། གང་ལྟར་ ༢༠༠༤ ལོར་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིས་བྱུས་གཏན་ལ་ཕབ་རྗེས་ ༢༠༠༥ ལོ་ནས་སྲིད་བྱུས་དེ་ལག་བསྟར་གནང་འགོ་བཙུགས་པ་ནས་བཟུང་དེ་སྔ་དང་མ་འདྲ་བར་སློབ་ཚན་དེའི་ནང་དོན་ཞིབ་ཅིང་ཕྲ་བ་མཁྱེན་རྟོགས་དགོས་རྒྱུ་མ་ཟད། སློབ་ཚན་དེ་སྐད་ཡིག་གི་བརྒྱུད་ལམ་གང་གི་ཐོག་ནས་སློབ་ཁྲིད་གནང་གི་ཡོད་ཀྱང་སྐད་ཡིག་དེའི་བརྡ་སྤྲོད་དང་། སྐད་ཡིག་དེ་རྒྱབ་མཁན་གྱི་མི་རིགས་དེའི་ཉིན་ཞག་ཕྲུགས་གཅིག་གི་འགྲོ་འདུག་སྤྱོད་གསུམ། དེ་བཞིན་བསམ་བློའི་འཁྱེར་སོ་ཤེས་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་སློབ་གྲྭར་ཡོད་དུས་འཛིན་གྲོགས་ཤིག་གིས་ཆོབ་དང་སྦྲགས་སྐད་ཡིག་སློབ་སྦྱོང་བྱེད་སྐབས་འབྲི་ཀློག་ཙམ་མ་ཡིན་པར་ཐ་ན་ཆབ་གསང་འགྲོ་བའི་སྐབས་ཀྱང་ཆབ་གསང་གཏོང་སྟངས་དང་། གཞང་འབོག་ཕྱིད་སྟངས་ཚུན་ཆད་ཀྱང་སྐད་ཡིག་དེའི་མི་རིགས་ཀྱི་བྱེད་སྟངས་གནང་བཞིན་བྱེད་དགོས་བཤད་ཀྱི་ཡོད། དེ་དངོས་གནས་རེད་ཤག་བསམ་གྱི་ཡོད། དེ་གཏོགས་བསམ་བློ་འཇར་མན་ཐོག་བཏང་། བཤད་རྒྱུ་དེ་བོད་སྐད་ཐོག་བཤད། བྲི་རྒྱུ་དེ་ཨིན་ཇི་ཐོག་བྲིས་པ་ཡིན་ན་སྐད་ཡིག་གི་ཉམས་དངོས་གནས་དེ་ཐོན་ཐུབ་ཀྱི་ཨེ་ཡོད་བསམ་གྱི་འདུག

སྤྱིར་བཏང་མིའི་ལུང་པར་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་དཀའ་ལས་ཁག་པ་ཡིན་པ་དངོས་འབྲེལ་རེད། ལྷག་པར་གོ་ལ་གཅིག་གྱུར་ Globalization དང་། དེང་རབས་ཀྱི་ཟང་ཟིང་ཆེན་པོའི་འཁྲུག་ཆ་དོད་པོ་འདིའི་ནང་མི་ཚེ་སྐྱེལ་དགོས་ཡོད་སྟབས་དེ་བས་དཀའ་བ་ཡོད། ཉེ་ལམ་རྩོམ་ཐུང་ཞིག་ནང་བོད་མི་གཞོན་སྐྱེས་ལོ་ན་ ༤༠ མན་གྱི་བོད་ཀྱི་མིང་ཚིག་ ༣༠༠༠ ནས་ ༤༠༠༠ བར་བེད་སྤྱོད་བྱེད་པའི་བོད་སྐད་མ་གཏོགས་ཤེས་ཀྱི་མེད་ཅེས་བཀོད་འདུག དངོས་འབྲེལ་ཡིན་མིན་ཇི་ལྟར་ཡང་སེམས་འཚབ་བྱ་དགོས་པའི་གནས་སྟངས་ཤིག་རེད། བྱས་ཙང་རྒྱུ་མཚན་འདི་དག་ལ་བརྟེན་ནས་རང་རེའི་སློབ་གྲྭ་ཁག་ནང་དེང་རབས་ཀྱི་སློབ་ཚན་ཁག་བོད་ཀྱི་སྐད་ཡིག་ཐོག་སློབ་ཁྲིད་གནང་དགོས་ཀྱི་ཡོད་སྟབས། བོད་ཀྱི་སྐད་ཡིག་དེ་བཞིན་ཡག་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  སྤྱིར་བཏང་ཤེས་ཡོན་གྱི་སྤུས་ཚད་ཡར་རྒྱས་གཏོང་བར་སློབ་ཕྲུག་རང་ཉིད་དང་། ཕ་མ། སྤྱི་ཚོགས། འཛིན་སྐྱོང་བཅས་ལ་རག་ལུས་ཡོད།    དགེ་རྒན་ནི་གལ་ཆེ་ཤོས་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་། 

མཐར་ཤེས་རིག་ལས་ཁུངས་ཀྱི་སྡེ་འགན་བསྟན་འཛིན་དཔལ་སྐྱིད་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཇུག་སྒྲིལ་ཡོད་པ་བཅས། །                 

                                                                                    

Share with your friends










Submit