ཟླ་བ་ ༦ ཚེས ༡༤ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༤ རེས་གཟའ་པ་སངས། 

༄༅། །ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊ་ཝར་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༡ རེས་གཟའ་མིག་དམར་ཉིན་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བོད་ཀྱི་ཉིན་མོ་ Tibet Day  ཞེས་སྲུང་བརྩིའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད་འདུག

དེ་ཉིན་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབ་ཝི་ར་ནི་ Arif Virani མཆོག་དང་།  གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་དང་རྒྱལ་སྤྱིའི་ཡར་རྒྱས་རྒྱུན་ལས་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་གྷར་ནེ་ཌེ་ཇི་ནེ་སི་ Garnett Genius མཆོག ཁེ་ན་ཌའི་གྲོས་ཚོགས་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་རན་ཌལ་གེ་རི་སོན་  Randall Garrison མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ལི་ཛེ་བྷེ་ཐི་མེའི་ Elizabeth May མཆོག གྲོས་ཚོགས་འཐུས་མི་སྐུ་ཞབས་ Larry Bagnell མཆོག གྲོས་ཚོགས་འཐུས་མི་སྐུ་ཞབས་ Peter Julian མཆོག ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལིན་ཌན་ཀན་ Ms. Linda Duncan མཆོག བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་བཅས་མཉམ་ཞུགས་གནང་ཡོད། 

སྐབས་དེར་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་བོད་རིགས་དང་བླངས་ཞབས་ཞུ་བ་རྣམས་ཀྱིས་རང་ཉིད་ལས་དོན་བྱེད་པའི་རིང་ཉམས་མྱོང་ཇི་བསགས་ངོ་སྤྲོད་དང་། ཕྱོགས་མཚུངས་གྲོས་ཚོགས་འཐུས་མིས་དང་ཞབས་པ་ཚོའི་བོད་དོན་ཆེད་སྙིང་སྟོབས་དང་ལྷག་བསམ་ལ་ཡི་རངས་བསྔགས་བརྗོད་རྒྱ་ཆེ་གནང་ཡོད་སྐོར་གསུངས།

དེ་ནས་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས།  ད་བར་བོད་དོན་དང་བོད་མིར་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཕྱོགས་མཚུངས་བོད་རིགས་ན་གཞོན་རྣམས་ལ་དང་བླངས་ཀྱི་ལམ་ནས་ལས་དོན་བྱེད་ཆོག་པའི་གོ་སྐབས་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུས་འདུག  གཞན་ཡང་འབྱུང་འགྱུར་འོས་བསྡུའི་ལས་རིམ་ཐོག་གྲོས་ཚོགས་འཐུས་མི་རྣམས་ལ་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡང་གནང་འདུག  འདི་ལོའི་ཕྱི་ཟླ་ ༡༡ ནང་གྲོས་ཚོགས་འཐུས་མི་རྣམས་གྲོས་ཚོགས་སུ་ཕེབས་སྐབས་བོད་དོན་རྒྱབ་སྐྱོར་གྱི་ཐབས་བྱུས་གསར་པ་ཞིག་ཐོག་དགོངས་བཞེས་ཡོང་བའི་འབོད་སྐུལ་ཞུས་འདུག 

སྐབས་དེར་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལིན་ཌ་ཌན་ཀན་མཆོག་གིས་དེ་སྔོན་བཞུགས་སྒར་དུ་ཕེབས་རྗེས།  ཕྱིར་ས་གནས་སུ་ཕེབས་མཚམས་རྒྱ་ནག་གཞུང་ཚབ་ལས་བྱེད་པ་ཞིག་ཁོ་མོའི་ལས་ཁུངས་ནང་ཡོང་བ་དང་།  སྐབས་དེར་ལྕམ་སྐུ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་རྟགས་རྣམས་རྒྱ་མིའི་ལས་བྱེད་པ་དེར་བསྟན་གནང་སྐོར་གསུངས་པ་དང་སྦྲགས།  བོད་དོན་ཐོག་ཁོ་མོས་ལངས་ཕྱོགས་འཛིན་བཞིན་པ་དེར་འགྱུར་བ་ནམ་ཡང་མེད་སྐོར་གསུངས།  དེ་རྗེས་དོན་གཅོད་དང་ཁེ་ན་ཌ་བོད་རིགས་ཚོགས་པའི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་གཉིས་ཀྱིས།  རྒྱལ་སྤྱིའི་ལས་དོན་ཚན་པའི་འགན་འཛིན་  Global Affairs མཆོག་གི་ལས་ཁུངས་སུ་བཅར་ནས་ཁོང་ལ་བོད་ཀྱི་གནད་དོན་སྐོར་ངོ་སྤྲོད་ཞུས་ཡོད་པ་བཅས། །

Share with your friends










Submit