ཟླ་བ་ ༥ ཚེས ༡༤ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༤ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༢ རེས་གཟའ་ཉི་མའི་ཉིན་ཨིན་ཡུལ་རྒྱལ་ས་ལོན་ཌོན་གྱི་ནུབ་བྱང་ཕྱོགས་ནས་ས་ཐག་ཉེ་བའི་མིལ་ཌོན་ཀི་ནེས་Milton Keynes ཟེར་བའི་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ Nipponzan Myohoji ཞེས་པའི་ནང་པའི་དགོན་པའི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་དངོས་གཞི་དེ་ཚོགས་གནང་འདུག བོད་ཀྱི་རྒྱལ་དེར་སྒྲེང་འཛུགས་ཀྱི་ལས་འགུལ་འདི་ཉིད་བོད་དོན་རྒྱབ་སྐྱོར་བ་ཀེ་ཐི་ར་ཡིན་  Catherine Mostyn Scott ལགས་ཀྱིས་སྣེ་ཁྲིད་པའི་དང་བླངས་རུ་ཁག་ཅིག་ནས་ལོ་བསྟུད་མར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བཞིན་ཡོད་པ་དང་། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་འདི་ཉིད་ད་རེས་འདི་ཐེངས་དྲུག་པ་ཆགས་ཀྱི་ཡོད་འདུག

ཐེངས་འདིའི་རྒྱལ་དར་སྒྲེང་འཛུགས་དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོར་བཙན་བྱོལ་དུ་༧ཞབས་སོར་འཁོད་ནས་མི་ལོ་ ༦༠ འཁོར་བའི་དུས་ཚིགས་དང་བསྟུན་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། མཛད་སྒོའི་ཐོག་གྲོང་ཁྱེར་སྤྱི་ཁྱབ་པ་སོགས་ས་ཁུལ་གྱི་མི་སྣ་ཁག་གཅིག་དང་ས་གནས་མི་མང་བཅས་ཁྱོན་མི་གྲངས་ ༨༠ ཙམ་འདུ་འཛོམས་གནང་ཐོག་ལྕམ་སྐུ་ཀེ་ཐི་ར་ཡིན་ལགས་ཀྱིས་བོད་དོན་དང་འབྲེལ་བའི་ལས་འགུལ་འདི་བཞིན་ཐོག་མ་བྱུང་སྟངས་ནི། ཨིན་ཡུལ་གྱི་གྲོང་ཁྱེར་ཆེ་གྲས་ནོར་ཐམ་ཊོན་Northampton དུ་ས་གནས་ཡུལ་མི་ལྕམ་སྐུ་ Caroline Scattergood ལགས་ཀྱིས་གོ་སྒྲིག་གནང་བའི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ལས་འགུལ་ཐོག་མཉམ་ཞུགས་གནང་སྐབས་སེམས་འགུལ་ཐེབས་ནས་ཁོ་མོའི་གྲོང་ཁྱེར་དུ་ལས་འགུལ་དེ་ལྟར་བསྩམས་གནང་བ་ཞིག་ཡིན་པ་ངོ་སྤྲོད་གནང་བ་དང་སྦྲགས། བཟང་སྤྱོད་ལྡན་པའི་རང་དབང་ལུང་པའི་མི་མང་ནས་བོད་ཀྱི་ཡ་ང་བའི་གནས་སྟངས་སྐོར་རྒྱལ་སྤྱིའི་ཐོག་གོ་རྟོགས་སྤེལ་དགོས་པ་མ་ཟད། འཛེམས་ཟོན་མེད་པར་སྤོབས་པ་བཅས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་དགོས་སྐོར་གསུངས་འདུག

སྐབས་དེར་སྐུ་མགྲོན་དུ་ཕེབས་པའི་གྲོང་ཁྱེར་སྤྱི་ཁྱབ་པས་གསུང་བཤད་གནང་བའི་སྙིང་པོར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཞི་བདེའི་མཚོན་རྟགས་ཞིག་ཡིན་པ་དང་། ༧གོང་ས་མཆོག་གི་གོ་ལའི་ཁོར་ཡུག་དང་གནམ་གཤིས། དེ་བཞིན་འཛམ་གླིང་སྤྱིའི་དོན་དུ་ཐུགས་ཁུར་རྒྱ་ཆེ་མཛད་མཁན་ཞིག་ཡིན་པ་གསུང་ཞིང་། གྲོང་ཁྱེར་སྤྱི་ཁྱབ་པ་ཁོང་རང་ཉིད་མཛད་སྒོའི་ཐོག་མཉམ་ཞུགས་གནང་བ་དེས་བོད་མིར་གདུང་སེམས་མཉམ་སྐྱེ་ཡོད་པའི་བརྡ་ལན་སྤྲོད་བཞིན་ཡོད་ཅེས་གསུངས་འདུག

ཨིན་ཡུལ་སྐུ་ཚབ་དོན་ཁང་གི་བསྟན་འཛིན་ཀུན་དགའ་ལགས་ཀྱིས་དོན་གཅོད་ལས་ཁུངས་དང་ས་གནས་བོད་རིགས་མི་མང་གི་ཚབ་ཞུས་ནས་མཛད་སྒོ་གོ་སྒྲིག་གནང་མཁན་ལ་བཀའ་དྲིན་རྗེས་དྲན་གནང་ཞིང་། ལས་འགུལ་འདི་ལྟ་བུའི་བརྒྱུད་ནས་རྒྱ་ནག་གི་འགོ་ཁྲིད་ཚོ་ལ་བོད་ཀྱི་གནད་དོན་དེ་ལས་སླ་པོ་བསུབ་ཐབས་མེད་པ་མ་ཟད། བོད་དོན་དཀའ་ངལ་མ་སེལ་བར་དེ་མུར་འཇོག་ཐབས་མེད་པའི་བརྡ་ལན་ཤུགས་ཆེ་སྤྲད་པ་ཞིག་ཆགས་ཀྱི་ཡོད་གསུངས་འདུག

གཞན་ཡང་མཛད་སྒོའི་ཐོག་ཆོས་ཕྱོགས་ལས་རིམ་དང་། དེ་བཞིན་ཕྱི་ནང་གཞས་པ་ཁག་གཅིག་གིས་གླུ་གཞས་བླངས་པ། བོད་ཀྱི་རྒྱལ་གླུ་བཏང་བ། བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་གཟིགས་འབུལ་སོགས་གནང་ཡོད་པ་བཅས། །

Share with your friends










Submit