Published By ngawang thokmey

༢༠༡༩ ཟླ་ ༥ ཚེས་ ༢༤ རེས་གཟའ་པ་སངས།

༄༅། །རྒྱ་གར་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་སྲིད་བློན་མོ་དི་མཆོག་གིས་སྣེ་ཁྲིད་པའི་ཆབ་སྲིད་ཚོགས་པ་བྷི་ཇེ་པི་ BJP ལ་རྒྱལ་ཁ་ཤུགས་ཆེ་ཐོབ་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྲིད་བློན་མོ་དི་ Narendra Modi མཆོག་ལ་འཚམས་འདྲི་ཞུས་པའི་ནང་འཁོད་དོན།

སྐུ་ཉིད་དང་རྒྱལ་ཡོངས་མང་གཙོ་མནའ་འབྲེལ་ཚོགས་པར་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་པར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཚབ་ཞུས་ཏེ་སྙིང་ཁུང་རུས་པའི་གཏིང་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།  འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱལ་ཁབ་འདི་དང་། འདིའི་ཁོངས་སུ་གཏོགས་པའི་འབངས་མི་སེར་དུང་ཕྱུར་ ༡༣ ཡོད་པ་རྣམས་ཀྱིས།  ཐེངས་འདིར་མང་གཙོའི་ཁེ་དབང་ལམ་ལྷོངས་ལྡན་པའི་ངང་ལོངས་སུ་སྤྱོད་ཐུབ་པ་མ་ཟད།  འོས་བསྡུའི་ནང་མཉམ་ཞུགས་གནང་མཁན་གྱི་གྲངས་འབོར་དེའང་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཐུབ་པ་དེར་ཡང་འཚམས་འདྲི་ཞུ།  མང་གཙོའི་ལམ་ལུགས་ཐོག་གོམ་སྟབས་གསར་པ་སྤོ་བཞིན་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་རྒྱ་གར་ནང་སྐྱེས་ཚར་བྱུང་བ་དང་། སློབ་སྦྱོང་ཡང་རྒྱ་གར་ནང་བྱས་ཡོད་སྟབས། ཡུལ་འཁོར་ཆེན་པོ་འདིའི་ནང་བོད་མིའི་མང་གཙོའི་རིང་ལུགས་གསར་གཏོད་ཐུབ་པ་དེར་དགའ་སྤོབས་སྐྱེ་བཞིན་འདུག 

ལོ་ངོ་དྲུག་ཅུའི་རིང་རྒྱ་གར་འཕགས་ཡུལ་འདི་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཞུགས་སྒར་དང་། བོད་མི་བཙན་བྱོལ་བ་ཚོར་ཕ་ཡུལ་གཉིས་པ་ཆགས་ཡོད།  བོད་མི་ཚོར་རྒྱ་གར་གཞུང་མང་གཉིས་ལས་བཀའ་དྲིན་ཆེ་བ་ཞིག་མེད།  དེར་བརྟེན་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨ ལོ་དེ་བཞིན་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུས་པ་དང་།  ལོ་དེར་རྒྱ་གར་རྒྱལ་ཡོངས་སུ་ཐུགས་རྗེ་ཆེ་ཞུ་མཚོན་པའི་ལས་འགུལ་སྣ་མང་སྤེལ་ཡོད། ངའི་རེ་བར་འཕགས་བོད་གཉིས་ཀྱི་འབྲེལ་ལམ་མུ་མཐུད་སྲ་བརྟན་ཐོག  བོད་ཀྱི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད། 

སླར་ཡང་འཚམས་འདྲི་དང་སྦྲགས་སྐུ་ཉིད་ཀྱི་ཁྱད་དུ་འཕགས་པའི་དབུ་ཁྲིད་ལམ་སྟོན་འོག་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཤུགས་དྲགས་དང་བཅས། ཞེས་འཁོད་འདུག 

 

གསུང་འཕྲིན་ངོ་མ་ཨིན་ཡིག་ནང་ཡོད་པ་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཨིན་ཡིག་ནས་ཕབ་སྒྱུར་ཞུས་པས་ཨིན་ཡིག་དེར་རྩ་འཛིན་ཡོང་བ་ཞུ།

Share with your friends










Submit