གསར་ལས་ཁང་གི་གསར་འགོད་པས།

༢༠༡༩ ཟླ་ ༥ ཚེས་ ༧ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༧ ནས་ ༡༠ བར་བྷལ་ཊིག་མངའ་ཁུལ་ Baltic གྱི་ལ་ཏི་ཝི་ཡའི་ Latvia རྒྱལ་ས་རི་ག་ Riga ཞེས་པའི་ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པ་ཚུགས་རྒྱུ་ཡིན་འདུག 

དེ་ཡང་ཚོགས་ཆེན་དེར་དམིགས་ནས་གླིང་ཆེན་ཨ་ཕི་རི་ཀའི་བྷོཌ་སྭ་ནའི་ཡུལ་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨ་ཡན་ཀ་མ་ Dr. Seretse Khama Ian Khama མཆོག་གིས་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན་ལྟར་ན།  བོད་དོན་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་ཆེད་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གོ་སྒྲིག་ཞུ་བཞིན་ཡོད།  བོད་ལ་འུར་ཟིང་ཆེ་བའི་ལོ་རྒྱུས་ཀྱི་བྱུང་རབས་ཡོད། ལོ་རྒྱུས་ཀྱི་བྱུང་རིམ་དེའི་ཁྲོད་བོད་དེ་བཞིན་སྐབས་རེ་རང་དབང་རང་བཙན་གཙང་མའི་ངོ་བོར་གནས་པ་དང་། སྐབས་རེ་སྟོབས་ཤུགས་ཅན་གྱི་རྒྱ་ནག་དང་སོག་པོའི་དབང་སྒྱུར་འོག་ཚུད་ཡོད། རྒྱ་ནག་གཞུང་གིས་བོད་ས་དབང་སྒྱུར་ཆེད་ཕྱི་ལོ་ ༡༩༥༠ ལོར་དམག་དཔུང་སྟོང་ཕྲག་མང་པོ་བོད་ནང་བཏང་བ་རེད།

༢༠༡༩ ལོར་བཞུགས་སྒར་དུ་སུམ་དུས་མཛད་སྒོའི་ཐོག

ཕྱི་ལོ་ ༡༩༥༩ ལོར་བོད་མིས་རྒྱ་ནག་གཞུང་གིས་བོད་ས་དབང་སྒྱུར་བྱས་པར་ཞི་རྒོལ་སྒེར་ལངས་བྱས་ཡོད།  སྐབས་དེར་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་རྗེས་རིམ་བཞིན་བཙན་བྱོལ་སྒྲིག་འཛུགས་བཙུགས་གནང་མཛད་ཡོད། བོད་ནང་ལ་མཚོན་ན་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་དང་བདུན་ཅུ་དོན་གྲངས་ནང་དགོན་སྡེ་ཕལ་མོ་ཆེ་རིག་གནས་གསར་བརྗེ་ཟེར་བའི་སྐབས་རྒྱ་ནག་གཞུང་གིས་གཏོར་བཤིག་བཏང་བ་རེད། རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་སྤྱི་དང་། ལྷག་པར་ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་དམག་ཁྲིམས་བསྡམས་པར་བརྟེན་བོད་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་རེད། ད་བར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་ཚོགས་ཟིན་པ་དང་། ཐོག་མ་དེ་རྒྱ་གར་རྒྱལ་ས་ལྡི་ལིར་ཕྱི་ལོ་ ༡༩༩༤ ལོར་ཚོགས་པ་དང་།

དེ་རྗེས་ཕྱི་ལོ་ ༡༩༩༥ ལོར་ལི་ཐུ་ཝི་ནི་ཡའི་ Lithuania རྒྱལ་ས་ཝིལ་ན་སིར་ Vilnius ཚོགས། ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ Washington དུ་ཚོགས་ཡོད།   དེ་རྗེས་ཕྱི་ལོ་ ༢༠༠༥ ལོར་སི་ཀོཌ་ལེནྜིའི་ Scotland རྒྱལ་ས་ཨི་དེན་བྷ་རག་ Edinburg ལ་ཚོགས་འདུག   དེ་ནས་ཕྱི་ལོ་་ ༢༠༠༩ ལོར་ཨི་ཊ་ལིའི་རྒྱལ་ས་རོམ་ Rome དང་།   ཚོགས་ཆེན་དྲུག་པ་དེ་ཕྱི་ལོ་ ༢༠༡༢ ལོར་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊ་ཝར་Ottawa ཚོགས་འདུག  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་སྔ་ལྷོ་ཨ་ཕི་རི་ཀར་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་ཞལ་གཅིག་གྲགས་ཐོག་ནས་ངོ་རྒོལ་སྐྱོན་བརྗོད་གནང་ཡོད་པ་ལྟར། ཐེངས་འདིར་གོ་སྐབས་དང་བསྟུན་བོད་མིའི་སྒྲིག་འཛུགས་དང་བོད་མིའི་མངོན་འདོད་བསྒྲུབ་ཆེད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་བ་བཅས་འཁོད་འདུག །

  •  
  •  
  •  
  •  
  •