ཟླ་བ་ ༥ ཚེས ༢༨ ༢༠༡༩
Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༨ རེས་གཟའ་མིག་དམར།

༄༅། །འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པྲེམ་སིངྒ་རྟ་མང་ Shri Prem Singh Tamang མཆོག་གི་ཆབ་སྲིད་ཚོགས་པར་ཉེ་ཆར་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲི་མཛད་དོན། “ད་ཆ་སྐུ་ཉིད་ཀྱི་མདུན་དུ་ལས་འགན་ལྕི་མོ་ཞིག་ཡོད།  མང་ཚོགས་ཀྱི་རེ་བ་ལྟར་མངའ་སྡེའི་ནང་ཡར་རྒྱས་ཚགས་ཚུད་ཡོང་བར་ངོས་ནས་ཀྱང་ཡིད་ཆེས་ཞུ་རྒྱུ་དང་།  ལྷག་པར་མི་མང་དབུལ་ཕོངས་ཉམ་ཐག་རྣམས་ཀྱི་འཚོ་བ་ཡར་རྒྱས་གཏོང་རྒྱུར་སྐུ་ཉིད་ནས་དམིགས་བསལ་འབད་བརྩོན་གནང་རྒྱུའི་རེ་བ་ཡོད།

འདས་པའི་ལོ་མང་རིང་ངོས་རང་འབྲས་མོ་ལྗོངས་སུ་ཡང་ཡང་སླེབས་ཡོད། སྐབས་དེར་ཡུལ་མི་མཆོག་དམན་ཀུན་གྱིས་ངོས་ལ་སེམས་ཐག་ཉེས་པོས་མཛའ་བརྩེའི་རྣམ་འགྱུར་བཏོན་པ་མཐོང་སྐབས།  སེམས་ནང་དགའ་ཚོར་དང་སྦྲགས།  དེ་སྔ་ཕྱི་ལོ་ ༡༩༥༦ ལོར་ངོས་རང་ས་གནས་དེར་ཆེས་ཐོག་མར་སླེབས་སྐབས་མི་མང་གི་མཛའ་བརྩེའི་རྣམ་འགྱུར་དེ་དག་ཀྱང་ཡིད་ལ་ལྷང་ངེར་དྲན་བྱུང་། 

ལྷག་པར་ས་གནས་མི་མང་ལ་མཚོན་ན།  སྤྱི་ཚོགས་ཀྱི་དཀའ་ངལ་དེ་དག་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་ཉམས་སུ་བླང་པའི་ཐོག་ནས་སེལ་ཐུབ་རྒྱུ་ཡིན་སྐོར་ངོས་ཀྱིས་བཤད་པ་དེར་ཡིད་ཆེས་དང་དོ་སྣང་ཧ་ཅང་བྱས་པ་དེ་སྙིང་སྟོབས་འཕེལ་གཞིར་གྱུར། ” ཞེས་བཀའ་སློབ་སྩལ་བ་མ་ཟད། ཟླ་བ་སྔོན་མར་བོད་མི་བཙན་བྱོལ་བ་རྣམས་ཀྱིས་རྒྱ་གར་དུ་འབྱོར་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པར་བརྟེན།  གོ་སྐབས་འདི་བརྒྱུད་མགོན་པོ་མཆོག་ནས་ཀྱང་འབྲས་ལྗོངས་མངའ་སྡེའི་ནང་དུ་བོད་མི་བཙན་བྱོལ་བ་ཉུང་ཤས་ཡོད་པ་རྣམས་ལ་མངའ་སྡེའི་གཞུང་མང་གཉིས་ནས་ད་བར་མཐུན་འགྱུར་རོགས་རམ་གང་ལེགས་གནང་དང་གནང་བཞིན་པར་ཡི་རངས་བསྔགས་བརྗོད་དང་། མཐའ་དོན་བློན་ཆེན་མཆོག་གི་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བ་དང་། འབྲས་ལྗོངས་མི་མང་ཚོར་བདེ་སྐྱིད་ཕུན་ཚོགས་ཡོང་བའི་ཐུགས་སྨོན་མཛད་འདུག

གསུང་འཕྲིན་ངོ་མ་ཨིན་ཡིག་ནང་ཡོད་པ་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཨིན་ཡིག་དེར་རྩ་འཛིན་ཡོང་བ་ཞུ།

Share with your friends










Submit