ཟླ་བ་ ༥ ཚེས ༡༠ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༠ རེས་གཟའ་པ་སངས།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨུ་རུ་སུའི་དད་ལྡན་སེར་སྐྱ་མི་མང་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༠ ནས་ ༡༢ བར་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་གཙོ་བོ་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་རྒྱུད་བླ་མ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་དབུ་འཛུགས་མཛད་ཡོད།
དེ་ཡང་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་རུ་སོག་སྐུ་ཚབ་ཏེ་ལོ་རིན་པོ་ཆེ་མཆོག་གིས་གཙོས་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བའི་འཐུས་མི་རྣམ་པས་སྤོས་སྣེས་སྔོན་བསུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་སོར་འཁོད་བསྟུན་ཨུ་རུ་སུའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་།  དེ་རྗེས་མགོན་པོ་གང་ཉིད་ནས་དེར་འདུས་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་ ༡༡༠༠ ཐམ་པ་གཙོ་བོར་གྱུར་པའི་འཛམ་གླིང་ཡུལ་གྲུ་ཁག་ ༧༠ ནས་མི་གྲངས་ ༥༡༩༥ ཐམ་པ།  དེ་བཞིན་རང་རིགས་ཆོས་ཞུ་བ་བཅས་ཁྱོན་མི་གྲངས་ཁྲི་གཅིག་ལྷག་ཙམ་ལ་བཀའ་སློབ་སྩལ་དོན།  

“དེ་རིང་གཙོ་བོ་ཨུ་རུ་སུ་ཁོངས་ཀྱི་སོག་རིགས་དེ་སྔ་ནས་སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་ཞུགས་མཁན་ཡིན་པ་དང་། བོད་གངས་ཅན་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཁྱེད་རང་ཚོ་གཙོ་བོར་གྱུར་བའི་རྣམ་རྒྱུན་ནས་ངོ་ཤེས་པའི་ཆོས་གྲོགས་ཚོ་དེ་རིང་འདིར་འཛོམས་ཡོད། དེ་བཞིན་འཆར་ཅན་ཡོང་བཞིན་པའི་ཀོ་རི་ཡ་ནས་ཁ་ཤས་དང་རྒྱ་རིགས་ཆོས་གྲོགས་འགའ་ཤས་ཡོད་ས་རེད།  བོད་རིགས་དང་ཕྱི་རྒྱལ་བ་བཅས་ང་ཚོ་ཚང་མ་དད་པ་དང་དམ་ཚིག་གཡོ་བ་མེད་པའི་སྒོ་ནས་འདིར་འདུས་པ་རེད།  

ལོ་ཤས་ནས་ཁལ་མུཀ་ Kalmykia དང་། ཐུ་ཝ། Tuva  བྷུར་ཡ་ཏི་ Buryatia ཁུལ་གྱི་ནང་པ་མང་པོ་ཞིག་ལ་འགོ་སྟོད་རྒྱལ་ས་ལྡི་ལིར་བཀའ་ཆོས་བྱ་རྒྱུ་བྱས་པ་རེད། འོན་ཀྱང་ཕྱིས་སུ་འགྲོ་སོང་ཏོག་ཙམ་ཁག་པོ་བྱེད་ཀྱི་འདུག་ཟེར་ནས་ལ་ཏི་ཝི་ཡའི་རྒྱལ་ས་རི་ག་ Riga ནང་ལོ་ཁ་ཤས་རིང་བཀའ་ཆོས་བྱས་པ་རེད། དེ་འདྲ་བྱེད་སྐབས་ཁྱེད་རང་ཚོར་སྟབས་བདེ་པོ་ཡོད། འོན་ཀྱང་ངོས་རང་རྒྱ་གར་ནས་གནམ་གྲུའི་ནང་ཆུ་ཚོད་བརྒྱད་རིང་འགྲོ་དགོས་ཡོད་པར་བརྟེན་ཁག་པོ་བྱེད་ཀྱི་འདུག  ཐེངས་འདིར་ཡང་ཐོག་མའི་ཆར་བཀའ་ཆོས་ལྡི་ལིར་བྱ་རྒྱུ་བྱས་པ་རེད། འོན་ཀྱང་ངོས་རང་བར་སྐབས་གཟུགས་པོ་མ་བདེ་བ་གང་ཙམ་བྱས་སོང་།

ཉན་ཤས་གོང་སྨན་ཁང་ལ་ཕྱིན་ནས་སྨན་བཅོས་ཏོག་ཙམ་ཛ་དྲག་བྱས་དགོས་པ་དེ་འདྲ་བྱུང་། དེ་ནས་རྡ་སར་ཡར་ཡོང་ནས་ལྡི་ལིར་བསྐྱར་དུ་འགྲོ་མི་དགོས་པ་བྱས་པ་ཡིན། ཨུ་རུ་སུ་ཁོངས་ཀྱི་གསུང་ཆོས་དེ་ཕར་འགྱང་མི་དགོས་པ་འདིར་བྱས་ན་སྙམ་པ་རེད། ཁྱེད་རང་ཚོར་བརྡབ་གསིག་ཕྲན་བུ་བྱུང་ཡོད་ནའང་། དེང་སང་ལྡི་ལིར་ཚ་བ་ཆེ་བའུ་དུས་སྐབས་དང་ཁ་རླུང་ཡང་ཧ་ཅང་བཙོག་པ་རེད།  རྡ་སའི་ཁ་རླུང་ཧ་ཅང་གཙང་མ་ཡོད། ཁྱེད་རང་ཚོ་ཕལ་ཆེར་སྐྱིད་པོ་ཡོང་བའི་རེ་བ་ཡོད།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་ཞིག་གི་ནང་ “ ང་ཡི་བསྟན་པ་བྱང་ནས་བྱང་དུ་དར་རོ།” ཞེས་གསུང་པའི་གསུང་རྒྱུན་ཡོད། དེ་སྔ་བོད་ལ་ཡིན་ན་དེར་གོ་བ་ལེན་སྟངས་དེ་རྒྱ་གར་གྱི་བྱང་བོད་དང་། བོད་ཀྱི་བྱང་སོག་རིགས་སོགས་ཨུ་རུ་སུའི་ཁོངས་དེ་དག་ལ་གོ་གི་ཡོད། ཕལ་ཆེར་དངོས་ཡོད་གནས་ཚུལ་ལ་འདི་བདེན་པ་ཆགས་འདུག  སྤྱིར་ནང་ཆོས་རྒྱ་གར་ནས་བོད་ལ་མ་དར་གོང་རྒྱ་ནག་ནང་དར་བ་རེད། དུས་རབས་བདུན་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་རྒྱ་བཟའ་དང་གཉེན་སྒྲིག་གནང་བའི་ཐོག་ནས་ལྷ་སའི་ཇོ་བོ་རྒྱ་ནག་ནས་ཡར་གདན་དྲངས་བ་རེད།  དམིགས་བསལ་གྱི་འབྲེལ་བ་བྱུང་ཡོད། དེ་ནས་དུས་རབས་བརྒྱད་པའི་སྐབས་ཁྲི་སྲོང་ལྡེའུ་བཙན་གྱིས་སངས་རྒྱས་པའི་ཆོས་འདི་ཐད་ཀར་རྒྱ་གར་ནས་ཚུར་བཞེས་རྒྱུར་དགོངས་པ་བཞེས་ཏེ་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་གྲས་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་ཞུ་གནང་། ཁོང་གིས་ནཱ་ལེནྡྲའི་ཆོས་ཀྱི་འགྲོ་སྟངས་བཙུགས་པ་རེད། སངས་རྒྱས་པའི་ཆོས་ལ་པཱ་ལིའི་ཆོས་བརྒྱུད་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་བཅས་གཉིས་ཡོད། པཱ་ལིའི་ཆོས་བརྒྱུད་ནི་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད། དེང་སྐབས་འཛམ་གླིང་འདིའི་སྟེང་གི་ནང་པའི་ཡུལ་གྲུ་ཚང་མས་པཱ་ལིའི་གཞུང་ནས་གསུང་པའི་སྡེ་སྣོད་གསུམ་གྱི་བརྗོད་བྱ་བསླབ་པ་གསུམ་དང་། འདུལ་བའི་ཉམས་ལེན་དེ་དག་ཕལ་ཆེ་བ་གཅིག་གྱུར་ཆགས་འདུག  

སྡེ་པ་མི་འདྲ་བའི་ཐོག་ནས་མདོ་ཁ་ཤས་པཱ་ལིའི་ཐོག་དང་ཁ་ཤས་ལེགས་སྦྱར་ཐོག་གསུངས་པའི་ཐོག་ནས་ལྟུང་བའི་གྲངས་འདྲེན་ཕྲན་བུ་རྒྱས་བསྡུས་ཡོད་པ་ཞིག་རེད་མ་གཏོགས་གཞན་གཅིག་པ་རེད། ཕམ་པ། ལྷག་མ། སྤང་ལྟུང་། ལྟུང་བྱེད། འབའ་ཞིག་པ།  དེ་དག་ཚང་མ་གཅིག་པ་ཆགས་ཀྱི་འདུག འཛམ་གླིང་འདིའི་སྟེང་ནང་པའིི་ཆོས་གཅིག་གྱུར་གྱི་གཞི་མ་ནི་པཱ་ལིའི་གཞུང་ཆགས་ཡོད། པཱ་ལིའི་གཞུང་ནས་གསུངས་པའི་འདུལ་བའི་འགྲོ་སྟངས་དེ་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་རེད། དེ་ནས་ལེགས་སྦྱར་གྱི་ཆོས་བརྒྱུད་ནི་སྐབས་དེར་ནཱ་ལེནྡྲ་ནི་མཁས་པའི་བསྟི་གནས་ཆགས་འདུག ཚད་མ་རིག་པར་དང་དོད་བྱེད་པ་དང་། དང་དོད་བྱེད་སྐབས་སེམས་དུལ་དགོས་ཅེས་པའི་སེམས་དེ་ག་འདྲ་རེད་འདུག དེ་མ་དུལ་བ་བྱེད་མཁན་ག་འདྲ་རེད་འདུག དེའི་འགལ་ཟླའམ་གཉེན་པོ་ཇི་ལྟ་བུ་ཡིན་པ་དེ་དག་ཞིབ་ཚགས་པོའི་ཐོག་ནས་སེམས་ཁམས་རིག་པས་འགྲེལ་བཤད་རྒྱག་རྒྱུ་བྱུང་ཡོད།

ཚད་མ་རིག་པའི་ཐོག་ནས་བརྟག་དཔྱད་བྱེད་ཡོང་དུས་སེམས་མ་དུལ་བ་དེ་དུལ་བ་བཟོ་དགོས་རེད་མ་གཏོགས་སྨོན་ལམ་བརྒྱབ་པ་ཙམ་གྱིས་སེམས་དུལ་བ་ཡོང་ཐབས་མི་འདུག དེར་བརྟེན་སེམས་ཁམས་རིག་པ་དེ་དག་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སེམས་དུལ་ཐུབ་ཀྱི་ཡོད་དམ་མེད་ཟེར་རྒྱུ་འདི་ལྟ་བའི་ཐོག་ཐུག་ཡོད། གཙོ་བོ་ལྟ་བའི་ཐོག་རྒྱ་གར་ལ་བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་བ་བཅས་བཞི་བྱུང་བ་རེད། གང་ལྟར་བདག་མེད་ཕྲ་རགས་གསུང་བཞིན་པ་དེ་དག་གིས་སེམས་མ་དུལ་བ་བྱེད་མཁན་དེ་བདག་ཏུ་འཛིན་པ་བྱེད་ཀྱི་ཡོད་པ་སྔོན་ལ་ངོས་འཛིན། བདག་ཏུ་འཛིན་པ་སེལ་བར་བདག་མེད་པའི་ལྟ་བ་དགོས་ཀྱི་ཡོད་པ་དེ་དག་དེ་ལྟར་ཐོན་ཡོང་གི་འདུག

དེ་ནས་ལྟ་བ་ལའང་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད། ཆོས་ཀྱི་བདག་མེད་ལའང་གཟུང་འཛིན་གཉིས་སྟོང་གི་ཆོས་ཀྱི་བདག་མེད་དང་། བདེན་སྟོང་གི་བདག་མེད་ཅེས་སེམས་མ་དུལ་བ་བྱེད་མཁན་ནི་ཉོན་མོངས་གཙོ་བོ་བདེན་འཛིན་གྱིས་བྱེད་ཀྱི་ཡོད་སྟབས། དེ་དག་གི་གཉེན་པོ་དག་ཧ་ཅང་ཞིབ་ཚགས་པོ་བྱས་ཏེ་གསུངས་འདུག དེང་སང་བལྟས་ཡོང་སྐབས་དེ་དག་ཚན་རིག་དང་མཐུན་པ་རེད་འདུག དཔེར་ན། ཚད་རྡུལ་དངོས་ཁམས་རིག་པ་ Quantum physics ཟེར་རྒྱུ་འདི་ནི་སེམས་ཙམ་པའི་ཕྱི་དོན་འགོག་པ་དང་། དབུ་མ་བས་ཆོས་ཐམས་ཅད་མིང་བརྡའི་བཞག་ཙམ་ཟེར་བ་དང་ཏག་ཏག་འགྲོ་བཞིན་འདུག

དེང་སང་ཚད་རྡུལ་དངོས་ཁམས་ལ་དོ་སྣང་ཆེན་པོ་ཡོད་པ་ཚོས་ཁོ་ཚོའི་ཉམས་མྱོང་གི་ཐོག་ནས་ཆོས་གང་དང་གང་ཡིན་ནའང་ང་རང་ཚོར་སྣང་བ་ལྟར་དུ་གྲུབ་མེད་ཟེར་བའི་ལྟ་ཚུལ་དེ་ཆགས་སྡང་གི་ཡུལ་མཐོང་ཡོང་དུས་ཡུལ་ལ་ཨ་འཐས་ཀྱིས་འཛིན་པ་ཞུགས་པ་དེ་ཉུང་བ་འདུག་ཅེས་བཤད་ཀྱི་འདུག དེ་ནཱ་ལེནྡྲའི་མཁས་པའི་དབང་པོས་གཏན་ལ་ཕབ་ནས་བཤད་པ་དང་ཏག་ཏག་ར་འཕྲོད་ཡོང་གི་འདུག ནཱ་ལེནྡྲའི་ཆོས་བརྒྱུད་དེ་བྱང་ནས་བྱང་དུ་དར་གསུངས་པ་ནང་བཞིན་བོད་ལ་ཧ་ཅང་ཤུགས་ཆེན་པོ་དར་བ་རེད། བོད་ནས་ཆེན་པོ་ཧོར་གྱི་ཡུལ་ལ་སོག་པོ་ཕྱི་ནང་དབྱེ་འབྱེད་ཡོད་པ་མ་རེད། དེང་སྐབས་ཆབ་སྲིད་ཀྱི་དབྱེ་བ་ཞིག་ཕྱེས་ཡོང་སྐབས་ནང་སོག་དང་ཕྱི་སོག ཨུ་རུ་སུའི་ཁུངས་ཀྱི་བྷུར་ཡ་ཏི་ལ་སོགས་པའི་སོག་རིགས་ཀྱི་ས་ཁུལ་ཚང་མར་ཁྱབ་ཡོད་པ་ཞིག་རེད། འདས་པའི་ལོ་ཕལ་ཆེར་སྟོང་ཕྲག་གི་རིང་ལ་ས་ཁུལ་དེ་དག་ནས་མཁས་པའི་དབང་པོ་སྟོང་ཕྲག་མང་པོ་བྱུང་ཡོད་པ་རེད། སངས་རྒྱས་ཀྱི་བསྟན་པ་ལ་བསླབ་སྟེ་གཞུང་ཆེན་མོའི་ཐོག་ལ་ལེགས་སྐྱེས་ཕུལ་མཁན་ཧ་ཅང་མང་པོ་བྱུང་ཡོད། གསོལ་ཇ་སླེབས་སོང་ན་ངོས་ཀྱིས་ཇ་དེ་འཐུང་ནས་དགོངས་པ་ཞུས་བཞག་ན་དྲན་སོང་།  ཁ་སང་ངོས་ཀྱིས་རོབ་ཙམ་བཤད་པ་ལྟར་ཡིན། དགའ་རབ་སྡུག་པོ་ན་བྱུང་། ད་ལྟ་གཞི་ནས་གཟུགས་པོ་སོས་ནས་ཡོང་དུས་ངལ་གསོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་འདུག་ཅེས་འབྲེལ་ཡོད་ཚང་མས་བཤད་སྡོད་ཀྱི་འདུག ན་བའི་རྐྱེན་བྱས་ཏེ་ངོས་ལ་གུང་སེང་ཡག་པོ་རག་གི་ཡོད་པ་རེད།  ཅེས་སོགས་ཀྱི་བཀའ་སློབ་སྩལ།

ཐེངས་འདིའི་ཆོས་འབྲེལ་ཨུ་རུ་སུ་དང་། ཧིན་ངྷི། སོག་པོ། རྒྱ་ནག ཨིན་ཇི། ཉི་ཧོང་། ཝི་ཏི་ནམ། ཀོ་རི་ཡ། ཨི་ཊ་ལི། ཕ་རན་སི། སི་པན། འཇར་མན་བཅས་ཀྱི་སྐད་ཡིག་ནང་གསུང་སྒྱུར་ཞུ་བཞིན་ཡོད་པ་མ་ཟད། དྲ་ལམ་ཐོག་ནས་ཐད་ཀར་གསན་གཟིགས་ཐུབ་རྒྱུའི་མཐུན་རྐྱེན་ཡང་བསྐྲུན་འདུག ད་ཐེངས་ཨུ་རུ་སུའི་དད་ལྡན་ཆོས་བ་ཞུ་རྣམས་ལ་བཀའ་ཆོས་བསྐྱངས་ཐེངས་བཅུ་གཅིག་པ་ཆགས་དེ་འདུག་པ་དང་། ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་འདི་བཞིན་སྔ་དྲོ་ཆུ་ཚོད་ ༩ ནས་ཉིན་གུང་ཆུ་ཚོད་ ༡༡།༣༠ བར་སྩལ་རྒྱུ་ཡིན་འདུག་པ་བཅས། །

Share with your friends










Submit