ཟླ་བ་ ༥ ཚེས ༡༤ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༤ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༠༥ ཚེས་ ༡༣ ནས་  ༡༦ བར་ཉིན་གྲངས་བཞིའི་རིང་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱལ་ཡོངས་སེམས་ཁམས་དང་དབང་རྩའི་བསྟི་གནས་ཁང་ NIMHANS ཞེས་པ་གཉིས་ཟུང་འབྲེལ་ཐོག་རྒྱ་གར་བྱང་ཕྱོགས་དང་བྱང་ཤར་ཁུལ་གྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དགེ་རྒན་གྲངས་ ༥༤ དང་། སློབ་གྲྭ་གྲངས་ ༢༡ གི་མདུན་ལམ་སློབ་སྟོན་པ་རྣམས་ལ་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་ཞིག་གནང་བཞིན་ཡོད།

ཟབ་སྦྱོང་དེ་བཞིན་ཕྱི་ལོ་ ༢༠༡༧ ལོར་ཐོག་མར་དབུ་འཛུགས་གནང་ཞིང་ད་རེས་ཐེངས་བདུན་པ་ཆགས་ཀྱི་ཡོད་འདུག ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། ལང་ཚོ་དར་ལ་བབ་པའི་སྐབས་ཀྱི་ན་གཞོན་སློབ་ཕྲུག་ཚོར་འཕྲད་བཞིན་པའི་དཀའ་ངལ་དཔེར་ན། གཅིག་གིས་གཅིག་ལ་ཐུབ་ཚོད་དང་། མྱོས་རྫས་ལང་ཤོར། བཙན་གཡེམ་སོགས་ཀྱི་དཀའ་ངལ་དེ་དག་སེལ་ཆེད། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དགེ་རྒེན་རྣམ་པ་དང་། མདུན་ལམ་སློབ་སྟོན་པ་རྣམ་པ། ལས་བྱེད་རྣམ་པ་བཅས་ལ་ཟབ་སྦྱོང་གནང་བཞིན་ཡོད་པ་རེད། 

དེ་བཞིན་ཟབ་སྦྱོང་འདི་བརྒྱུད་ལང་ཚོ་དར་བབ་ཀྱི་གཞོན་སྐྱེས་ཚོར་གོ་རྟོགས་སྤེལ་ཐབས་དང་། དཀའ་ངལ་སེལ་བའི་ཐབས་ལམ་ཤེས་རྟོགས་ཡོང་རྒྱུའི་ཆེད་དུ་ཡིན་འདུག  དེ་སྔ་འདི་ལྟ་བུའི་ཟབ་སྦྱོང་ཞིག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་ལྷོ་ཕྱོགས་བོད་མིའི་སློབ་གྲྭ་ཁག་གི་འབྲེལ་ཡོད་རྣམས་ལ་གནང་ཡོད།

ཐེངས་འདིའི་ཟབ་སྦྱོང་གོ་སྒྲིག་འདི་བཞིན་ཨ་རིའི་རོགས་ཚོགས་ (USAID)  ནས་མཐུན་འགྱུར་རོགས་རམ་གནང་ཡོད་འདུག །

Share with your friends










Submit