ཟླ་བ་ ༥ ཚེས ༡༥ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༥ རེས་གཟའ་ལྷག་པ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༧ ནས་ ༡༠ བར་ཉིན་གྲངས་བཞིའི་རིང་ལཊ་ཝི་ཡ་རྒྱལ་ས་རི་གར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་ཚོགས་གནང་ཡོད་པ་དང་། ཚོགས་འདུའི་ཐོག་རི་ག་སྤྱི་བསྒྲགས་ Riga Declaration དང་། མ་འོངས་པའི་རི་ག་ལག་བསྟར་འཆར་གཞི་ Riga Action Plan བཅས་གཏན་འབེབས་གནང་སྟེ་ཚོགས་འདུ་མཇུག་སྒྲིལ་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༡༠ ཉིན་ཕ་རན་སི་གྲོས་ཚོགས་འཐུས་མི་དང་། ཕ་རན་སི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet Study Group ཞེས་པའི་ཚོགས་གཙོ་ལྕམ་སྐུ་ཨེ་ལི་ཛ་བྷེཏ་ཊུ་ཊུ་པི་ཀར་ཌ་ Hon. Elisabeth Toutut-Picard, Member of French National Assembly མཆོག་གིས་ལྷན་ཚོགས་གཙོ་སྐྱོང་གནང་བ་དང་། སློབ་དཔོན་ཆེན་མོ་སྐུ་ཞབས་ Prof. Michael Van Walt Praag, President, Kreddha and Professor of international Relations and international law མཆོག་དང་། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞུ་གཏུག་དང་འབྲེལ་ལམ་ལས་འཆར་གྱི་འགན་འཛིན་ལྕམ་སྐུ་ Ms. Christa Meindersma, advocacy and Communications Director, ICT Europe མཆོག་རྣམ་གཉིས་ནས་རི་ག་ཚོགས་འདུའི་སྤྱི་བསྒྲགས་ Riga Declaration དང་། མ་འོངས་པའི་རི་ག་ལག་བསྟར་འཆར་གཞི་ Riga Action Plan བཅས་སྙན་སྒྲོན་གནང་རྗེས། གཏན་འབེབས་གནང་ཡོད་འདུག

མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Hon. Andrius Navickas, Member of Parliament, Lithuania མཆོག་གིས་གསུང་བཤད་དང་འབྲེལ་ཚོགས་འདུ་ལེགས་གྲུབ་བྱུང་བར་བསྔགས་བརྗོད་གནང་ཡོད་འདུག

སྐབས་དེར་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་སོ་སོར་བྱིན་གྱིས་རླབས་པ་དང་། ད་ལོའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པའི་སྐབས་ལའང་བརྙན་ལམ་བརྒྱུད་གསུང་འཕྲིན་སྩལ་བར་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་དང་། ལཊ་ཝི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཟུང་སྦྲེལ་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་གོ་སྒྲིག་ཞུས་པ་དང་། དེ་བཞིན་ཚོགས་འདུ་གོ་སྒྲིག་ཞུ་མཁན་གྱི་ཚོགས་མི་ཡོངས་ནས་ཚོགས་འདུ་ལེགས་གྲུབ་ཡོང་བར་ཕྱག་ལས་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག

གཞན་ཡང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཚོགས་འདུའི་ཐོག་ཕེབས་པའི་འཛམ་གླིང་རྒྱལ་ཁབ་ཁག་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་རྣམ་པ་མཛད་བྲེལ་ཆེན་པོ་ཡིན་ཀྱང་། ཚོགས་ཆེན་ཐོག་དུས་ཚོད་བཏང་སྟེ་སོ་སོའི་ཉམས་མྱོང་དང་། དགོངས་ཚུལ་སོགས་གསུངས་པ་དང་། ཚོགས་འདུའི་ཐོག་གསུང་བཤད་གནང་མཁན་ཁག་དང་། བགྲོ་གླེང་གནང་མཁན་ཁག་གིས་རྒྱ་བོད་གཉིས་ཀྱི་ལོ་རྒྱུས་དང་། བོད་ཀྱི་གནད་དོན་ཐོག་རྒྱ་གར་གྱི་བྱེད་སྒོ། མཐོ་སྒང་བོད་ཀྱི་ད་ལྟའི་ཁོར་ཡུག་གནས་བབ། ཨ་རིའི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས། རྒྱལ་སྤྱིའི་སྡིངས་ཆའི་སྟེང་གྲོས་ཚོགས་འཐུས་མི་རྣམ་པས་བོད་ཀྱི་གནད་དོན་གླེང་ཐབས། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་ཐོག་འཛིན་པའི་སྲིད་བྱུས་སོགས་ཀྱི་ཐོག་གསུང་བཤད་ཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུ

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམ་པ་དང་། ལས་བྱེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། སྐུ་ཚབ་དོན་གཅོད་ཁག་བཅས་ནས་ཚོགས་བཅར་བ་གྲོས་ཚོགས་འཐུས་མི་རྣམ་པར་མཐུན་འགྱུར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ལཊ་ཝི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སྐུ་ཞབས་ Mr. Janis Martin Skuja, Chief of Society “Latvian for Tibet” མཆོག་གིས་ཚོགས་འདུ་ལེགས་གྲུབ་ཡོང་རྒྱུར་སྐུ་ལས་བསྐྱོན་གནང་བ་དང་། ལཊ་ཝི་ཡའི་གཞུང་དང་མི་མང་བཅས་ནས་རྒྱབ་སྐྱོར་གནང་བ་བཅས་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུས་གནང་འདུག

མཐར་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་དང་། ཚོགས་མི་ཡོངས་ཀྱིས་དུས་ཐུང་ནང་བསྔགས་འོས་ཀྱི་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། གྲོས་ཚོགས་འཐུས་མི་རྣམ་པ་དང་། སྐུ་ཚབ་དོན་གཅོད་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་མུ་མཐུད་སྔར་ལྷག་བོད་དོན་ཐོག་ཕྱག་ལས་གནང་རྒྱུ་དང་། ལཊ་ཝི་ཡའི་གྲོས་ཚོགས་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པའི་ཐོག་བཞག་པའི་རི་ག་ཚོགས་འདུའི་སྤྱི་བསྒྲགས་ Riga Declaration དང་། མ་འོངས་པའི་རི་ག་འཆར་གཞི་ Riga Action Plan བཅས་འབྱུང་འགྱུར་ལག་ལེན་ཡོང་ཐབས་གནང་རྒྱུའི་རེ་བསྐུལ་ཞུས་གནང་ཡོད་འདུག་པ་བཅས། །

Share with your friends










Submit