Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༩ རེས་གཟའ་ཕུར་བུ།


༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༩ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་སེར་ཤུལ་ཡུལ་ཚོའི་ས་གནས་བོད་རིགས་མང་ཚོགས་ཀྱིས་སེར་ཤུལ་དགོན་པའི་རྒྱབ་རིར་བསང་གསོལ་དང་རླུང་རྟ་དར་འཛུགས་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་སྐབས་སེར་ཤུལ་ཡུལ་ཚོ་ནས་རང་ལོ་ ༢༠ ཡིན་པའི་བོད་མི་དབང་ཆེན་ལགས་ཀྱིས་ཀུན་ཟིགས་པཎ་ཆེ་རིན་པོ་ཆེ་གློད་བཀྲོལ་ཡོང་བར་ཤོག རྒྱལ་བ་པཎ་ཆེན་གཉིས་བོད་དུ་ལྷན་འཛོམས་ཡོང་བར་ཤོག་ཅེས་སྨོན་ལམ་བརྒྱབ་པའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་དབང་ཆེན་ལགས་དང་། བློ་བཟང་ལགས། ཡོན་ཏན་ལགས་འཛིན་བཟུང་བཙན་ཁྲིད་ཀྱིས་སེར་ཤུལ་རྫོང་ཐོག་ཏུ་བཀག་ཉར་དྲི་རྩད་བྱས་རྗེས། ཟླ་བ་འདིའི་ཕྱི་ཚེས་ ༣ ཉིན་སེར་ཤུལ་ཡུལ་ཚོའི་ཉེན་རྟོག་པས་དབང་ཆེན་ལགས་ཀྱི་གཅེན་མོ་སྒྲོན་དཀར་ལགས་ཡང་སེར་ཤུལ་ཡུལ་ཚོ་ཉེན་རྟོགས་ཁང་དུ་འབོད་འགུགས་བྱས་རྗེས། ཉིན་གུང་ཆུ་ཚོད་ ༡༢ ཐོག་སེར་ཤུལ་རྫོང་ཐོག་ཏུ་ཁྲིད་དེ་བཀག་ཉར་དྲི་ཞིབ་བྱས་འདུག

དེ་ཡང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༨ ཉིན་བོད་ནང་གི་སྔ་དྲོ་ཚུ་ཚོད་ ༡༠ ཐོག་སེར་ཤུལ་རྫོང་མི་མང་ཁྲིམས་ཁང་གིས་ཁོང་གཉིས་ཀྱི་ནང་མི་སྤྲུན་མཆེད་རྣམས་ཁྲིམས་ཁང་དུ་འབོད་འགུགས་ཀྱིས་དབང་ཆེན་ལགས་ལ་རྒྱལ་ཁབ་ཀྱི་ཁྲིམས་འགལ་མངོན་གསལ་ཅན་གྱི་གྱེན་ལངས་རྩ་འཛུགས་བྱེད་མཁན་དང་སྣེ་ཁྲིད་མཁན་ནག་འཇོམས་ངན་སེལ་གྱི་འབྲེལ་ཡོད་ཅེས་པའི་ཁྲིམས་ཀྱི་དོན་ཚན་འོག་ནས་དབང་ཆེན་ལགས་ལ་ལོ་ ༤ དང་ཟླ་གྲངས་ ༦ གི་ཁྲིམས་ཐག་བཅད་ཡོད་པ་དང་ཆབས་ཅིག་ཁོང་གི་གཅེན་མོ་སྒྲོལ་དཀར་ལགས་ལ་ཁྲིམས་འགལ་གྱི་རྩ་འཛུགས་དང་ངན་པ་ལག་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་རྩ་དོན་དང་ས་གནས་བདེ་འཇགས་ལ་གནོད་ཚེ་བཏང་བ། གསང་བ་ཕྱིར་བསྒྲགས་བྱས་པ་བཅས་ཀྱི་ཉེས་མིང་འོག་ནས་ལོ ༡ དང་ཟླ་གྲངས་ ༣ གྱི་ཁྲིམས་ཆད་བཏང་ཡོད།
གཞན་ཡང་བློ་བཟང་ལགས་དང་ཡོན་ཏན་ལགས་རྣམ་གཉིས་ལ་མི་རེར་རྒྱ་སྒོར་ ༡༥༠༠༠ ཐམ་པ་རེ་ཆད་པ་བཅད་ནས་སེར་ཤུལ་རྫོང་རྒྱལ་ཁབ་སློབ་གསོ་ཡན་ལག་ལས་ཁུངས་ཤིག་ལ་རྩིས་སྤྲོད་བྱས་ནས་ཟླ་བ་དྲུག་རིང་སློབ་གསོ་ཟབ་སྦྱོང་འཛིན་གྲྭར་འགྲོ་དགོས་པ་བརྗོད་འདུག
དབང་ཆེན་ལགས་དང་ཁོང་གི་གཅེན་མོར་ཁྲིམས་ཐག་བཅད་རྗེས་ས་གནས་གང་དུ་ཁྲིད་ཡོད་མེད་ཤེས་རྟོགས་མེད་པ་རེད་འདུག
སྤྱིར་དེ་རིང་ཚེས་ ༨ ཉིན་ཁྲིམས་ཐག་གཅོད་པའི་ཞོགས་པར་ཉེན་རྟོག་པས་ཁོང་གཉིས་ཀྱི་ནང་མི་སྤུན་མཆེད་ཚོར། ཁྲིམས་ཁང་དུ་ནང་མི་དང་སྤུན་མཆེད་ལྔ་ཡན་འགྲོ་མི་ཆོག་པ་དང་གློག་ཆས་རིགས་དང་ཁ་པར་སོགས་རྩ་བ་ནས་འཁྱེར་མི་ཆོག་པ་མ་ཟད། གནས་ཚུལ་དེ་འདྲ་རིགས་བྱུང་བ་ཡིན་ན་འགན་རང་ཉིད་ནས་ཁུར་དགོས་པའི་འཇིགས་སྣང་སྐུར་ཡོད་པ་རེད།
ཁྲིམས་ཁང་དུ་ཉན་ཞིབ་ཏུ་བསྐྱོད་མཁན་སྤུན་མཆེད་དེ་དག་ཉེན་རྟོག་པའི་རླངས་འཁོར་ཞིག་གིས་རྫོང་མི་མང་ཁྲིམས་ཁང་དུ་བསྐྱལ་ཡོད་འདུག ཁོ་ཚོ་མ་ཐོན་གོང་དང་ཐོན་ཚར་བའི་སྔ་རྗེས་སུ་ཡང་མི་རེ་རེའི་གཟུགས་པོ་རྔོག་བཤེར་བྱས་ནས་ཁ་པར་སོགས་འཁྱེར་ཡོད་མེད་ཞིབ་བཤེར་ནན་པོ་བྱས་ཡོད།
དེ་བཞིན་ཕྱི་ཟླ་ ༥ ཚེས ༣ ཉིན་དབང་ཆེན་ལགས་ཀྱི་གཅེན་མོ་སྒྲོལ་དཀར་སེར་ཤུལ་ཡུལ་ཚོ་ཉེན་རྟོག་ཁང་དུ་འཁྲིད་སྐབས་ཉེན་རྟོག་པ་ཞིག་གི་ཨ་ཅ་སྒྲོལ་དཀར་ལ་ང་ཚོས་སྤྱི་ཚོགས་བདེ་འཇགས་ཆེད་དུ་རྟོག་ཞིབ་མི་སྣ་གང་སར་བཀྲམ་ཡོད་པས་ཁྱེད་རང་གི་སྐད་ཆ་ག་རེ་བཤད་ཡོད་པ་ང་ཚོས་སྔོན་ནས་ཧ་གོ་གི་ཡོད། དེ་ལས་དྲང་པོ་བཤད་ན་དགའ་གི་རེད་ཟེར་ནས་སྡིག་ར་སྐུལ་ཡོད་འདུག
དབང་ཆེན་གཅེན་གཅུང་གཉིས་ཀྱི་སྐྱེས་ཡུལ་ནི། མགོ་ལོག་རྨ་སྟོད་རྫོང་ཆུ་སྔོན་ལུང་པ་ནས་ཡིན་པ་དང་། གཅེན་མོ་རང་ལོ་ ༡༨ ནས་ལོ་ཤས་རིང་ཡུལ་ཤུལ་དུ་བསྡད་རྗེས་སེར་ཤུལ་དུ་ཁང་པ་ཞིག་ཉོས་ནས་གཏན་སྡོད་བྱས་ཡོད་པ་རེད་འདུག  ཁོང་ལ་མཚོན་ན་བཙོན་འཇུག་བྱས་རྗེས་ཕྲུ་གུ་བུ་ཞིག་དང་བུ་མོ་ཞིག་ལུས་ཡོད། ལྷག་པར་ཉེན་རྟོག་པས་དེ་རིང་ཁྲིམས་ཐག་བཅད་པའི་གནས་ཚུལ་དེ་སུ་ལ་ཡང་བཤད་མི་ཆོག་ཅེས་འཇིགས་སྐུལ་ཡང་བྱས་འདུག །

 

Share with your friends










Submit