Published By ngawang thokmey

༢༠༡༩ ཟླ་ ༥ ཚེས་ ༩ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡུ་རོབ་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག་གིས་འཇར་མན་གྲོང་ཁྱེར་བྷར་ལིན་ Berlin ནང་རྟེན་གཞི་བྱས་པའི་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་མིའི་བླ་སྲོག་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་ཉམས་དམས་སུ་བཏང་མཐར་རྩ་མེད་བཟོ་རྒྱུའི་ངན་སེམས་ཁོག་བཅངས་ཀྱིས་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་གསུང་འདུག 

དེ་ཡང་ཡུལ་དེའི་གྲོས་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གོ་སྒྲིག་འོག  རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཚོར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནད་དོན་ཐད་ཉན་ཞིབ་གནང་འདུག སྐབས་དེར་ཡུ་རོབ་དམིགས་བསལ་སྐུ་ཚབ་ཟུར་པ་མཆོག་གིས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ལ་ཐག་གཅོད་ཞུ་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་ཅིང་།  འཇར་མན་ཆབ་སྲིད་པ་ཚོས་ཀྱང་མ་འོངས་པར་རྒྱ་ནག་གཞུང་གིས་བདམས་པའི་ཏཱ་ལའི་བླ་མ་ཞིག་བྱུང་ཚེ་དེར་ངོས་ལེན་མེད་པའི་ལངས་ཕྱོགས་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་གནང་འདུག

ཕྱོགས་མཚུངས་རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ཏུ་ཆོས་ཕྱོགས་ཀྱི་བྱེད་སྒོར་གཞུང་གི་ལས་བྱེད་པ་ཚོས་དམ་བསྒྲགས་དང་། ཐེ་བྱུས་བྱས་ཏེ་བོད་མིའི་དགེ་བཙུན་རྣམས་ལ་ཆོས་དད་རང་དབང་སྤྲོད་ཀྱི་མེད་པའི་སྐོར་གསུངས། དགོན་པའི་ནང་དུ་ཉེན་རྟོག་མི་སྣ་གང་བྱུང་འཛུལ་ནས་སོ་ལྟའི་པར་ཆས་སོགས་བཙུགས་པ། དགོན་པའི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོའི་རིགས་ཇི་འདྲ་ཞིག་སྤེལ་རུང་རྒྱ་ནག་གཞུང་ལ་བཀའ་འཁྲོལ་སྙན་སེང་ཞུ་དགོས་པ་སོགས་ལ་སྐལ་བཟང་རྒྱལ་མཚན་མཆོག་གིས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག 

གཞན་ཡང་བར་ལམ་ནས་བཟུང་རྒྱ་ནག་གཞུང་གིས་བོད་མི་མང་ཚོགས་ཁྲོད་ཆོས་དད་རང་དབང་ལ་དམ་བསྒྲགས་སྔར་བས་ཚབས་ཆེ་རུ་བཏང་བ་དཔེར་ན། སློབ་གྲྭའི་གུང་སེང་སྐབས་བོད་པའི་སློབ་མ་ཚོ་དགོན་པའི་ནང་དགེ་འདུན་པ་ཚོས་བོད་ཀྱི་སྐད་ཡིག་དང་ནང་ཆོས་ངོ་སྤྲོད་ཀྱི་ལས་གཞི་སྤེལ་བར་བཀག་སྡོམ་བྱས་པ་དང་། དགོན་པའི་ནང་མཐའ་ན་མཆོད་མཇལ་ཚུན་ཆད་བཀག་སྡོམ་བྱས་ནས་ཆོས་བྱེད་དགེ་བཙུན་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་དམས་ཞུ་དགོས་པའི་བཙན་བཀའ་བཏང་བ་དང་།  ཅི་སྟེ་བོད་མི་སུ་རུང་ཞིག་གིས་དེ་ལས་ལྡོག་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་མཁན་བྱུང་བ་ཡིན་ན་ལོ་མང་བཙོན་འཇུག་གི་ཉེས་ཆད་འགེལ་བཞིན་ཡོད་པ་དང་།  ཆོས་བྱེད་དགེ་བཙུན་རྣམས་ལ་ཆོས་དད་རང་དབང་སྤྲོད་རྒྱུའི་ཚབ་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་རྒྱ་ནག་གུང་བྲན་རིང་ལུགས་ལ་དགའ་ཞེན་དགོས་པ་དང་།   གུང་བྲན་ཏང་གི་འགོ་གཙོར་དགའ་ཞེན་བྱེད་དགོས་པ་བཙན་དབང་གིས་ལས་འགུལ་རིགས་སྤེལ་བཞིན་པའི་སྐོར་སོགས་གསལ་བཤད་གནང་འདུག 

སྐབས་དེར་དྲི་བ་ཞིག་གི་ལན་དང་འབྲེལ་དམིགས་བསལ་སྐུ་ཚབ་མཆོག་གིས་འཇར་མན་སྲིད་དོན་མི་སྣ་ཚོས་རྒྱ་ནག་དང་འབྲེལ་བ་གནང་སྐབས་བོད་དང་ཡུ་གུར་ལྟ་བུ་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནད་དོན་སྐོར་གལ་ཆེ་ཤོས་སུ་བརྩིས་ནས་གླེང་སློང་གནང་དགོས་པའི་རེ་འདུན་བཏོན་པ་དང་སྦྲགས་གསུང་དོན།  “བོད་དང་སོག་པོ། ཡུ་གུར་ནང་གི་གནས་སྟངས་ལ་བལྟས་ཚེ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལ་ཇི་ཙམ་མཐོང་ཆུང་ཁྱད་གསོད་དང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་གསལ་པོ་རེད། ” ཅེས་གསུང་པ་དང་སྦྲགས་རྒྱ་ནག་གཞུང་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་མགྱོགས་མྱུར་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་གནང་དགོས་པའི་རེ་འདུན་བཏོན་འདུག 

ལྷག་པར་བྱུང་འགྱུར་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དེ་རྒྱ་ནག་སྲིད་གཞུང་དང་གུང་བྲན་ཏང་གི་གནོན་ཤུགས་རྩ་བ་ནས་མེད་པར་འབྲེལ་ཡོད་བོད་བརྒྱུད་ནང་བསྟན་གྱིས་ཐག་གཅོད་ཞུ་རྒྱུ་ཡིན་སྐོར་དང་།  དེའི་ཐད་འཇར་མན་སྲིད་གཞུང་ནས་ལངས་ཕྱོགས་ཁ་གསལ་གཏན་འབེབས་གནང་དགོས་པ་ཧ་ཅང་གནད་འགག་ཆེན་པོ་ཡིན་སྐོར་གསུངས། །

Share with your friends










Submit