ཟླ་བ་ ༥ ཚེས ༡༥ ༢༠༡༩
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༥ རེས་གཟའ་ལྷག་པ། 

 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༥ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་སའི་ཌལ་མཚེའུ་ Dal Lake ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ཨེ་ཤི་ཡའི་ Asia Health Resorts & Spa གསོལ་མགྲོན་ཁང་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༡ པ་བསྐོང་འཚོགས་གནང་ཡོད་པ་དང་། ཚོགས་འདུ་འདི་བཞིན་ཕྱི་ཚེས་ ༡༥ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༦ བར་ཉིན་གྲངས་གཉིས་རིང་འཚོགས་རྒྱུ་ཡིན་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཐེངས་འདིའི་ཚོགས་འདུའི་སྐོར་གསར་འགོད་པར་གསུང་དོན།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༡ པ་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༥ ནས་ ༡༦ བར་བཞུགས་སྒར་རྡ་སར་འཚོགས་མུས་རེད། ཚོགས་འདུ་འདིའི་བརྗོད་གཞི་གཙོ་བོ་ནི། ཡུ་རོབ་དང་རྒྱ་ནག་བར་གྱི་འབྲེལ་བ་དང་། ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་བ། རྒྱལ་སྤྱི་དང་རྒྱ་ནག་བར་གྱི་འབྲེལ་བའི་གནས་སྟངས་སོགས་ཕྱོགས་བསྡོམས་བྱས་པའི་ཐོག་ང་ཚོ་ངོས་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་ག་རེ་གནང་དགོས་མིན་ཐད་གོ་བསྡུར་བྱེད་རྒྱུ་ཡིན།

གསར་འགོད་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་༧རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བརྟེན། དམ་པ་ཁོང་གི་ཚབ་ཏུ་སྐུ་ཚབ་གསར་པ་གཞན་བསྐོ་གཞག་གནང་འཆར་ཡོད་དམ་ཞེས་བཀའ་འདྲི་ཞུས་སྐབས།

ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་དོན། རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རེད། ༸རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་གནང་སྟེ་བོད་རྒྱ་ཞི་མོལ་ཆེད་རྒྱ་ནག་ལ་ཕེབས་པ་རེད། དམ་པ་ཁོང་སྐུ་ཚེའི་འཕེན་པ་རྫོགས་ཡོད་སྟབས། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ངོས་ནས་མྱ་ངན་གུས་འདུད་ཞུ་རྒྱུ་དང་། རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེས་བོད་རྒྱ་ཞི་མོལ་ཡོང་ཐབས་ཀྱི་ཕྱག་ལས་མང་པོ་གནང་ཡོད། ད་ལྟའི་ཆར་རྒྱ་རི་བློ་བློ་གྲོས་རྒྱལ་མཚན་རིན་པོ་ཆེའི་ཚབ་ཏུ་སྐུ་ཚབ་གཞན་བསྐོ་གཞག་གནང་རྒྱུའི་དགོངས་པ་ཡོད་པ་མ་རེད། ཅེས་དང་།

ཐེངས་འདིའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་སྟེང་ཚོགས་མི་གསུམ་མ་གཏོགས་ཚོགས་མི་གཞན་ཚང་མ་ཕེབས་འདུག    ཚོགས་འདུའི་ཐོག་ཕེབས་མ་ཐུབ་མཁན་ཚོགས་མི་གསུམ་ནི། བུ་ཆུང་ཚེ་རིང་ལགས་དང་། ཚེ་དབང་ཕུན་ཚོགས་ལགས། བཀའ་ཟུར་བསྟན་པ་ཚེ་རིང་ལགས་རེད། ཅེས་གསུང་།  གཞན་ཡང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་མུ་མཐུད་གསུང་དོན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་ཞི་མོལ་ཡོང་བར་རང་བཙན་རྩོད་ཀྱི་མེད་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལྷན་མཉམ་གནས་ཐོག་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་པ་དེའི་ཐོག་འགྱུར་བ་གང་ཡང་མེད་པར་མུ་མཐུད་གནས་ཡོད།

དེ་གཞིར་བཞག་ཐོག་ང་ཚོས་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལྷན་ཞི་མོལ་ཡོང་བར་འབད་བརྩོན་མུ་མཐུད་བྱེད་དགོས་པ་ཞིག་ཆགས་ཡོད། ཕྱོགས་མཚུངས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། རྒྱལ་སྤྱིའི་ནང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་བརྒྱུད་ཞི་མོལ་གནང་བའི་ལུགས་སྲོལ་ཡོད། ཕྱི་ལོ་ ༢༠༡༠ ནས་བཟུང་ད་ལྟའི་བར་དུ་གཞུང་འབྲེལ་སྐུ་ཚབ་བརྒྱུད་རྒྱ་ནག་དང་ལྷན་ཞི་མོལ་གནང་རྒྱུ་དེ་ཆད་པ་རེད། ཡིན་ཡང་ང་ཚོས་ངོས་ནས་བོད་རྒྱ་ཞི་མོལ་ཡོང་བར་འབད་བརྩོན་མུ་མཐུད་ཞུས་དང་ཞུ་མུས་རེད་ཅེས་གསུངས། །

Share with your friends










Submit