Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༥ རེས་གཟའ་ལྷག་པ།

༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་མཆིན་ནད་དུག་ཐབས་ཁ་པ་དང་ག་པའི་ནད་གཞིའི་ཐོག་ཉམས་ཞིབ་དང་སྨན་བཅོས་ཀྱི་ལས་རིམ་ཞིག་འགོ་འཛུགས་གནང་ཡོད། ལས་རིམ་འདི་བཞིན་ཟླ་འདིའི་ཕྱི་ཚེས་ ༧ ཉིན་འགོ་འཛུགས་གནང་བ་དང་། ཐོག་མར་རྒྱ་གར་བྱང་ཕྱོགས་སིར་མོར་རྫོང་ཁོངས་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་དང་། སྤུ་རུ་ཝ་ལ་ས་སྐྱའི་གཞིས་ཆགས། ས་ཊོན་ཁམས་ཀཿཐོག ཀུམ་རའོ་སྒ་པ་གཞིས་ཆགས་བཅས་སུ་གནང་ཡོད། དེ་ནས་མུ་མཐུད་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་དང་། ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་བཅས་སུ་གནང་རྒྱུ་རེད་འདུག

གཞིས་ཆགས་དེ་དག་བདམས་སྒྲུག་གནང་སྟངས་ནི། རྒྱ་གར་ནང་ཤར་ལྷོ་ནུབ་བྱང་ས་ཁོངས་བཞི་ལ་ས་བགོས་གནང་སྟེ།  མི་འབོར་མང་ཤོས་ཡོད་སའི་གཞིས་ཆགས་ཁག་བདམས་སྒྲུག་གནང་ནས་གཞིས་ཆགས་ཀྱི་ཁྱིམ་ཚང་རེ་རེའི་སར་ཕེབས་ཏེ་ནད་གཞི་ཡོད་མེད་གྲངས་ཐོ་བསྡུ་རུབ་དང་། དེ་བཞིན་མཆིན་ནད་དུག་ཐབས་ཁ་པ་དང་ག་པ་ཡོད་མེད་དངོས་སུ་རིན་མེད་ཐོག་བརྟག་དཔྱད་གནང་བཞིན་ཡོད་འདུག  དུས་མཚུངས་མཆིན་ནད་དུག་ཐབས་ཁ་པ་ཡོད་མཁན་ཚོར་བརྟག་དཔྱད་རྒྱས་པ་ཁག་གཅིག་གནང་རྒྱུ་དང་། དེ་བཞིན་སྨན་བཅོས་གནང་ཕྱོགས་སོགས་ཇི་དགེའི་སྐོར་གནང་འོས་ཇི་ཡོད་གནང་བཞིན་ཡོད་འདུག

མཆིན་ནད་དུག་ཐབས་དང་འབྲེལ་བའི་ཟབ་སྦྱོང་དང་མང་ཚོགས་ལ་ནད་གཞིའི་སྐོར་གོ་རྟོགས་སྤེལ་རྒྱུའི་གཏམ་བཤད་བཅས་གནང་བཞིན་ཡོད་པ་རེད། ལས་རིམ་འདིའི་བརྒྱུད་སྤྱི་ཡོངས་བོད་མིའི་སྤྱི་ཚོགས་ནང་མཆིན་ནད་དུག་ཐབས་ཀྱི་ནད་གཞིའི་ཁྱབ་བརྡལ་ཇི་ཙམ་ཕྱིན་ཡོད་མེད་རོབ་ཙམ་ཚོད་དཔག་བྱེད་ཐུབ་རྒྱུ་ཡིན་འདུག །

Share with your friends










Submit