Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༩ རེས་གཟའ་ཕུར་བུ། 

༄༅། །ཡུ་རོབ་རྒྱལ་ཁབ་ཌེན་མག་གི་ Denmark རྒྱལ་སྤྱིའི་ཤེས་ཡོན་དང་ཡར་རྒྱས་མཉམ་འབྲེལ་ཚོགས་པ་International Cooperation in Education and Development ནས་མགྲོན་འབོད་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་སེངྒེ་ལགས་དང་། ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཀྱི་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་བཅས་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༥ ནས་ ༡༠ བར་ཌེན་མག་གི་རྒྱལ་ས་ཀོ་པན་ཧེ་གྷན་ Copenhegen ནང་འཚམས་གཟིགས་སུ་ཕེབས་ཡོད།

ཐེངས་འདིའི་ཁོང་རྣམ་པ་གསུམ་གྱི་འཚམས་གཟིགས་ཀྱི་དགོས་པ་དམིགས་ཡུལ་གཙོ་བོ་ནི། ཌེན་མག་གི་བཙན་བྱོལ་བོད་མིའི་ཤེས་ཡོན་རོགས་སྐྱོར་ལས་འཆར་དང་རྒྱ་གར་ནང་ཡོད་པའི་བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་སྤུས་ཚད་གོང་སྤེལ་གཏོང་ཕྱོགས་སྐོར་གྲོས་བསྡུར་གནང་ཆེད་ཡིན་འདུག

དེ་ཡང་དྲུང་ཆེ་ཀརྨ་སེངྒེ་ལགས་དང་། དེ་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་བཅས་ཀྱིས་ཌེན་མག་གི་རྒྱལ་སྤྱིའི་ཤེས་ཡོན་དང་ཡར་རྒྱས་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལེའོ་Leo Hindskøv Knudsen ལགས་ལ་ཐུག་འཕྲད་གནང་བ་མ་ཟད། ཌེན་མག་གི་སློབ་གྲྭ་ཁག་དང་། སློབ་གྲྭའི་དགེ་ཆེ་དང་དགེ་ཆེ་གཞོན་པ་རྣམ་པ། གཞན་ཡང་ཌེན་མག་གཞུང་གི་སྐུ་ཚབ་གནད་ཡོད་མི་སྣ་ཁག་གཅིག་ལ་ཐུག་འཕྲད་གནང་སྟེ། ཌེན་མག་གཞུང་གིས་ད་བར་རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་ཤེས་ཡོན་གོང་སྤེལ་ཆེད་རོགས་སྐྱོར་གནང་བའི་ལས་འཆར་རྣམས་ལག་བསྟར་བྱས་པའི་སྐོར་གྲོས་བསྡུར་གནང་།

ཕྱི་ཚེས་ ༨ ཉིན་ཁོང་རྣམ་པ་གསུམ་ཧི་ལེ་རོ་ཌིའི་གྲོང་སྡེའི་སྤྱི་ཁྱབ་ལྕམ་སྐུ་ཀར་སི་ཊན་ Mrs. Kirsten Jensen ལགས་དང་ཌེན་མག་གི་ཤེས་ཡོན་ཚན་པའི་འགན་འཛིན་ལྕམ་ཧན་ནེ་ Ms Hanne Frederiksen ལགས་ལ་ཐུག་འཕྲད་གནང་རྗེས། ཉིན་རྒྱབ་ཧི་ལེ་རོ་ཌིའི་གྲོང་སྡེའི་ལག་ཤེས་སྦྱོང་བརྡར་བསྟི་གནས་ཁང་ལ་གཟིགས་སྐོར་དུ་ཕེབས་ཡོད། ཕྱི་ཚེས་ ༩ ཉིན་ཁོང་རྣམ་པ་གསུམ་ཀོ་པན་ཧེ་གྷན་མཐོ་སློབ་ཏུ་ཕེབས་ཏེ་ཌེན་མག་གི་བྱིས་པའི་ཤེས་ཡོན་སློབ་གསོ་སྐོར་རྒྱུས་ལོན་གནང་། ཕྱོགས་མཚུངས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་ཌེན་མག་གཞུང་གིས་ད་བར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་ཤེས་ཡོན་གོང་སྤེལ་ཆེད་རོགས་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་བཅས། །

Share with your friends










Submit