ཟླ་བ་ ༥ ཚེས ༣ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༣ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣ རེེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་མཚམས་དྲུང་ཆེ་གསར་པ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོའི་ལས་ཁུར་འགོ་འཛུགས་གནང་སོང་།

དེ་ཡང་དྲུང་ཆེའི་ལས་ཁུངས་ནང་འཕྲོད་བསྟེན་དྲུང་ཆེ་ཟུར་པ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། དྲུང་ཆེ་གསར་པ་དཔལ་ལྡན་དོན་གྲུབ་ལགས་བཅས་ལྷན་འཛོམས་ཀྱིས་ཐོག་མར་དྲུང་ཆེ་གསར་རྙིང་གཉིས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་གྲུབ་བསྟུན་དྲུང་ཆེ་ཟུར་པ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་དྲུང་ཆེ་གསར་པ་དཔལ་ལྡན་དོན་གྲུབ་ལགས་ལ་ཞབས་སྟེགས་རྩིས་སྤྲོད་དང་སྦྲགས་མཇལ་དར་གཡོགས་གནང་།

དེ་ནས་རིམ་བཞིན་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་དང་། དབུས་བོད་ཀྱི་སྨན་རྩིས་ཁང་གི་སྐུ་ཚབ། སྨན་པའི་ལྷན་ཚོགས་སྐུ་ཚབ། དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་སྐུ་ཚབ། འཕྲོད་བསྟེན་ལས་བྱེད་ཡོངས་ནས་དྲུང་ཆེ་གསར་པ་དཔལ་ལྡན་དོན་གྲུབ་ལགས་སུ་འཚམས་འདྲིའི་མགུལ་དར་ཕུལ་གྲུབ་མཚམས་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་ཕུལ་ཡོད།

དེ་ཡང་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ནི།  ཕྱི་ལོ་ ༡༩༦༩ ཟླ་ ༧ ཚེས་ ༦ ཉིན་ལ་དྭགས་སུ་འཁྲུངས།  ཆུང་དུས་ལ་དྭགས་བོད་ཁྱིམ་སློབ་གྲྭ་ལེགས་ཐོན་རྗེས་ཝ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་ནས་བསྟན་བཅོས་ Shastri དང་སློབ་དཔོན་ Acharya ལེགས་པར་ཐོན།  ཕྱི་ལོ་ ༡༩༩༦ ལོར་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག་ཟླ་དྲུག་ཚོད་ལྟར་ཀ་སྦུག་བདེ་དོན་ལས་རོགས་སུ་བསྐོ་གཞག་གནང་། 

ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༡༡ ཉིན་ལས་བྱེད་ངོ་མར་བསྐོ་གཞག་གིས་ཀ་སྦུག་ས་གནས་འགོ་འཛིན་དུ་བསྐོ་གཞག་གནང་། ལས་འགན་རང་འཇགས་ཐོག་དྲུང་ཆེ་གཞོན་པར་གནས་སྤར། ༢༠༠༡ ལོར་མེའོ་ཆོས་འཕེལ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དུ་བསྐོ་གཞག་བྱུང་། ༢༠༠༢ ནས་ ༢༠༠༦ བར་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་ས་འགོར་བསྐོ་གཞག ཕྱི་ལོ་༢༠༠༦ ནས་ ༢༠༠༧ བར་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་གནང་། ཕྱི་ལོ་ ༢༠༠༧ ལོར་རྡོར་གླིང་ས་གནས་འགོ་འཛིན་གནང་འདུག ཕྱི་ལོ་ ༢༠༠༨ ཟླ་ ༢ ཚེས་ ༢༦ ཉིན་ཟུང་དྲུང་གནས་རིམ་ཐོག་གནས་སྤར། 

 

ཕྱི་ལོ་ ༢༠༠༨ ལོར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དུ་བསྐོ་གཞག་གནང་འདུག ཕྱི་ལོ་ ༢༠༡༡ ལོར་ལྡི་ལི་སྐུ་ཚབ་དོན་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༡༣ ལོར་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས།  ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༤ ཉིན་དྲུང་འཕར་དུ་གནས་སྤར།  ཕྱི་ལོ་ ༢༠༡༦ ཟླ་ ༧ ནས་དབུས་སྣེ་ལེན་ཁང་གི་འགན་འཛིན་དུ་བསྐོ་གཞག ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡ ཉིན་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་གཞག་གནང་བ་བཅས། །