ཟླ་བ་ ༥ ཚེས ༡༦ ༢༠༡༩
Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༦ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༤ ཉིན་ཁེ་ན་ཌའི་གྲོས་ཚོགས་གོང་མའི་ནང་དུ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐན་ཧ་ཡི་ནོ་ Thanh Hai Ngo མཆོག་གིས་བོད་ནང་གི་གནས་སྟངས་ལ་སེམས་འཚབ་ཤུགས་ཆེ་གནང་བ་དང་སྦྲགས་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་སྤྲོད་དགོས་པ་རྒྱ་ནག་གཞུང་ལ་རེ་འདུན་ཤུགས་ཆེ་བཏོན་གནང་འདུག 

དེ་ཡང་ཁོང་གིས་གསུང་དོན། “དེ་རིང་གུས་པར་བོད་དོན་རྒྱབ་སྐྱོར་གྱི་གྲོས་འཆར་འདོན་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༣ ནས་བཟུང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་མ་བྱུང་བ་དེར་གུས་པར་སེམས་འཚབ་ཧ་ཅང་འདུག  ཁེ་ན་ཌའི་ཡུལ་འདིར་སྨྲ་བརྗོད་དང་ཆོས་དད་རང་དབང་།  དེ་བཞིན་འགྲོ་སྐྱོད་སོགས་ལ་དམ་བསྒྲགས་རྩ་བ་ནས་མེད་པར་རང་དབང་ཆ་ཚང་ཡོད།  ཕྱོགས་མཚུངས་མི་སྒེར་སོ་སོའི་སྲིད་གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་བསམ་ཚུལ་འཛིན་ཆོག་པའི་རང་དབང་ཡང་ཡོད།  དེ་དག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡིན་སྟབས་ཡུལ་འདིར་སྲུང་སྐྱོབ་གནང་བཞིན་ཡོད།   འོན་ཀྱང་བོད་རང་སྐྱོངས་ལྗོངས་ཟེར་བའི་ས་ཁུལ་དང་། དེ་བཞིན་བོད་རིགས་གནས་སྡོད་ཀྱི་ས་ཁུལ་གཞན་ཁག་ཏུ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཚབས་ཆེ་བྱེད་བཞིན་འདུག 

རྒྱ་ནག་དམར་གཞུང་གི་དབང་བསྒྱུར་དང་དམ་བསྒྲགས་ཚབས་ཆེ་འོག་བོད་མི་རྣམས་དཀའ་སྡུག་ཚད་མེད་མྱོང་བཞིན་འདུག  བོད་མིའི་དཀའ་སྡུག་ལ་ང་ཚོ་གྲོས་ཚོགས་འཐུས་མི་ཚོས་བཏང་སྙོམས་ངང་སྡོད་ཐབས་མེད།  ད་ཆ་ཁེ་ན་ཌའི་སྲིད་གཞུང་གིས་ལས་འགུལ་ཤུགས་ཆེ་ཙམ་སྤེལ་དགོས་པའི་དུས་ལ་བབ་འདུག དེ་རིང་གུས་པས་ཁེ་ན་ཌའི་སྲིད་གཞུང་ལ་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་ཆེད་རྒྱབ་སྐྱོར་གནང་སྟེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གཤམ་གསལ་གྲོས་འཆར་ཁག་གི་ཐོག་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན།

༡ ༽ ཁེ་ན་ཌའི་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཟུང་ནས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་རེ་འདུན་འདོན་དགོས།

༢ ༽ རྒྱ་ནག་གཞུང་གིས་བོད་མིའི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་དང་།  བུད་མེད་ཀྱི་ཐོབ་ཐང་།  བོད་མིའི་ཆོས་དད་རང་དབང་ལ་གུས་བརྩི་དང་། དེ་བཞིན་སྲིད་གཞུང་དང་ལྟ་གྲུབ་ལངས་ཕྱོགས་མི་མཐུན་པ་འཛིན་མཁན་ཚོའི་ཐོབ་ཐང་བཅས་ལ་གུས་བརྩི་ཞུ་དགོས།

༣ ༽ བོད་མིའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས་པ་མ་ཟད།  དམ་བསྒྲགས་བཀག་བསྐྱིལ་འོག་གནས་བཞིན་པའི་བོད་མི་དེ་དག་འཕྲལ་མར་གློད་བཀྲོལ་གཏོང་དགོས། 

༤ ༽ རྒྱ་ནག་གཞུང་ནས་ཁེ་ན་ཌའི་མི་སེར་ལ་བོད་ནང་དམ་བསྒྲགས་རྩ་བ་ནས་མེད་པར་འགྲོ་འོང་གི་རང་དབང་སྤྲོད་དགོས།  དེའི་ཁར་ཁེ་ན་ཌའི་སྲིད་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་མཛད་པའི་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸པཎ་ཆེན་ཡང་སྲིད་འཁྲུལ་བྲལ་ཡིན་པར་གཞུང་འབྲེལ་ངོས་འཛིན་ཞུ་དགོས།

བོད་ཀྱི་གནད་དོན་གསལ་དགོས་ན་ཁེ་ན་ཌའི་སྲིད་གཞུང་གིས་གོང་གི་དོན་གནད་དེ་དག་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས། “ཞེས་སོགས་གསུང་འདུག 

ཕྱོགས་མཚུངས་སྐབས་དེར་ཁོང་གིས་སྔ་ལོ་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས། ཁེ་ན་ཌའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་དང་ཚོང་ལས་ཚན་པ། དེ་བཞིན་གྲོས་ཚོགས་གོང་མའི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་རྒྱུན་ལས་ཚོགས་མིའི་ཁྲོད་བོད་དོན་ཉན་ཞིབ་གནང་ཡོད་པ་དང་།  སྐབས་དེར་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་གྲོས་འཆར་བསྣམ་ཕེབས་པ་ཡིན་ན་དེ་བརྒྱུད་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཐུབ་རྒྱུར་ཕན་ཐོགས་རྒྱ་ཆེ་ཡོད་སྐོར་གསུང་པ་དྲན་གསོ་གནང་དོན། ” བོད་དོན་ཉན་ཞིབ་སྐབས་དེར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས།  གྲོས་ཚོགས་འཐུས་མི་རྣམ་པས་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་འཆར་བསྣམ་ཕེབས་ཐུབ་པ་ཡིན་ན།  ཆ་རྐྱེན་གང་ཡང་མེད་པའི་འོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཐུབ་རྒྱུ་དང་། དེ་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྦྲོམ་གཞིའི་འོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐུབ་རྒྱུ་ཡིན་པ་གསུང་ཡོད། “ཅེས་དྲན་གསོ་གནང་འདུག

ཕྱོགས་མཚུངས་གྲོས་ཚོགས་འཐུས་མི་ཁོང་གིས་གསུང་དོོན། “སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཉན་ཞིབ་སྐབས་དེར།  དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་དུ་ཡར་ཐོན་ཆེ་བའི་འཕྲུལ་ཆས་བཀོལ་སྤྱོད་འོག་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་སོ་ལྟ་བྱས་པ་དང་། ས་གནས་གང་སར་སོ་ལྟའི་པར་ཆས་བཙུགས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་།  བོད་མི་ཞིག་ས་གནས་གང་འདྲ་ཞིག་ཏུ་སྐྱོད་དགོས་གང་ས་ཚིགས་མང་པོར་ངོ་སྤྲོད་ལག་འཁྱེར་བསྟན་ནས་ལུས་པོར་སྔོག་གཤེེར་བྱེད་དགོས་པ་སོགས་གསུང་བྱུང་། “ཞེས་ཁོང་གིས་དྲན་གསོ་གནང་འདུག 

 

 

 

 

Share with your friends










Submit