ཟླ་བ་ ༥ ཚེས ༡༧ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༥ ཚེས་ ༡༦ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༧ ཉིན་མོ་འདི་ནི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གི་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་ནས་ད་བར་མི་ལོ་ ༢༤ འཁོར་བཞིན་ཡོད་སྟབས་འཛམ་གླིང་ས་གནས་འདྲ་མིན་ནང་སྔ་རྗེས་ལས་འགུལ་འདྲ་མིན་སྤེལ་འདུག 

དེ་ཡང་སུད་སི་སྐུ་ཚབ་དོན་ཁང་གིས་ཡུལ་དེའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པར་ཞུ་སྙན་ཞིག་ཕུལ་བ་བརྒྱུད་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་འགྱུར་ནས་ད་བར་མི་ལོ་ ༢༤ སོང་བའི་ཉིན་མོ་དྲན་གསོ་ཞུས་འདུག  ཕྱོགས་མཚུངས་འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་དང་དཀོན་མཆོག་སྒྲོལ་མ་ལགས་གཉིས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་སྲུང་སྐྱོབ་ཚན་པའི་ལོ་འཁོར་ལྷན་ཚོགས་ ༡༡༨ ཐོག་ཞུ་ཡིག་ཕུལ་བ་བརྒྱུད།  ཞུ་གཏུགས་ལས་འགུལ་རྒྱ་ཆེ་སྤེལ་འདུག

དེ་ཡང་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༤ ཉིན་གོང་གི་ཚན་པའི་ལོ་འཁོར་ལྷན་ཚོགས་ ༡༡༨ ཐོག་ཞུ་ཡིག་ཕུལ་བའི་ནང་ “ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ད་བར་ང་ཚོར་ཁོང་གི་གནས་སྟངས་ཇི་ཡིན་ཁུངས་ལྡན་གནས་ཚུལ་གང་ཡང་ཤེས་རྟོགས་མ་བྱུང་།” ཞེས་བཀོད།   

ཕྱོགས་མཚུངས་དཀོན་མཆོག་སྒྲོལ་མ་ལགས་ཀྱིས། “ཚན་པའི་ཡོངས་ཁྱབ་བསྒྲགས་གཏམ་ནང་། འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་དབང་སྒྱུར་ལ་བརྩི་བཀུར་ཞུ་རྒྱུ་དང་། དེ་བཞིན་གཞི་རྩའི་རང་དབང་སྲུང་སྐྱོབ་བྱ་རྒྱུ་ཡིན་ཚུལ་བཀོད་ཡོད་ཀྱང་། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་བར་གར་སོང་ཆ་མེད་ངང་གནས་པ་དེ་ནི་གོང་གི་བསྒྲགས་གཏམ་ནང་གི་དོན་ཚན་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད། བོད་མི་ས་ཡ་དྲུག་ལ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་བཞུགས་ཡོད་མེད་དང་།  ཁོང་གི་གནས་སྟངས་ཇི་ཡིན་ཤེས་རྟོགས་བྱ་རྒྱུའི་ཐོབ་ཐང་ཡོད་པ་རེད་” ཅེས་བཀོད། 

ཕྱོགས་མཚུངས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གོ་སྒྲིག་འོག  ཕྱི་ཟླ་ ༥ ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་གངས་སྐྱིད་ཚོགས་ཁང་གསར་པའི་ནང་དུ། སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། བཀྲ་ཤིས་ལྷུན་པོའི་བཀའ་ཆེན་དཀོན་མཆོག་བསྟན་འཛིན་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་བཅས་དབུ་བཞུགས་ཐོག ༼  ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་  ༡༩༩༥ ཟླ་ ༥ ཚེས་ ༡༧  ཉིན་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་དུས་ཚིགས།  ༽  ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལས་རིམ་ཞིག་གོ་སྒྲིག་གནང་ཡོད།

སྐབས་དེར་བཀྲ་ཤིས་ལྷུན་པོའི་བཀའ་ཆེན་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཚན་གནས་གལ་ཆེན་པོ་ཇི་ཙམ་ཡིན་པ་དང་། ༸རྒྱལ་བ་ཡབ་སྲས་གཉིས་ཀྱི་བར་བླ་སློབ་ཀྱི་འབྲེལ་བའི་སྐོར་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་སྐོར། སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་སྐོར། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དངོས་སུ་མཇལ་བའི་མྱོང་ཚོར་དང་འབྲེལ་ཕྱི་ལོ་ ༡༩༨༥ ལོར་བོད་ནང་གཟིགས་སྐོར་ཕེབས་པའི་སྐབས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ཐེངས་གསུམ་ཙམ་མཇལ་རྒྱུའི་གོ་སྐབས་བྱུང་སྐོར་དང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་དེ་དག་འགྲིག་གི་མི་འདུག་ཅེས་ཕྱི་ལོ་ ༡༩༦༢ ལོར་གསུངས་ཟིན་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རྩ་བརླག་ཏུ་འགྲོ་གི་ཡོད་པ་དང་། གལ་ཏེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་བསྒྱུར་བ་མ་བཏང་བ་ཡིན་ན། བོད་བརྒྱུད་ནང་བསྟན་དང་བོད་ཀྱི་ངོ་བོ་བརླག་འགྲོ་ངེས་རེད། ཅེས་བཀའ་གནང་ཡོད་སྐོར་སོགས་གསུང་།

གཞན་ཡང་འདི་གར་སྦར་སེལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ཚེས་ ༡༡ རེས་གཟའ་སྤེན་པའི་ཉིན།  ཡུ་རོབ་པོར་ཅུ་གལ་ Portugal ཡུལ་གྱི་གྲོས་ཚོགས་ནང་དུ་གྲོས་ཚོགས་འཐུས་མི་སིལ་ཝ་ Mr.Silva མཆོག་གིས།  ཡུལ་དེའི་སྲིད་གཞུང་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་པ་བརྒྱུད། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་དགོས་པའི་རེ་འདུན་བཏོན་པ་མ་ཟད།  གྲོས་ཚོགས་ནས་རྒྱ་ནག་གཞུང་གི་བྱེད་སྟངས་དེར་སྐྱོན་བརྗོད་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
དེ་ཡང་ཁོང་གི་ཆབ་སྲིད་ཚོགས་པ་ PAN Party (People-Animals-Nature)  ཞེས་པས་ཞུ་ཡིག་གཅིག་ཚོགས་གཙོར་ཕུལ་འདུག ཞུ་ཡིག་དེར་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་ ༢༩ དང་། དགག་བྱ་གནང་མཁན་འོས་གྲངས་ ༡༩ བྱུང་བར་བརྟེན་མང་མོས་ཐོག་གཏན་འབེབས་གནང་འདུག དགག་བྱ་གནང་མཁན་ཆབ་སྲིད་ཚོགས་པ་དེ་དག་ཡོངས་རྫོགས་དམར་ཤོག་རིང་ལུགས་པའི་ཆབ་སྲིད་ཚོགས་པ་རེད་འདུག  ད་ཐེངས་གྲོས་ཚོགས་ནང་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་རྒྱབ་སྐྱོར་ཞུས་པའི་གནས་སྟངས་དེ་རིགས་དེ་སྔ་རྩ་བ་ནས་བྱུང་མྱོང་མེད་སྐོར་ཡུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ལྕམ་སྐུ་ཀོ་རེ་ལ་ Ms Alexandra Correia ལགས་ཀྱིས་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ལ་གསུང་འདུག 
གཞན་ཡང་ལྕམ་སྐུས་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ཡུལ་དེའི་གྲོས་ཚོགས་འཐུས་མི་རྣམས་ལ་རྒྱ་ནག་གཞུང་གི་གནོན་ཤུགས་ཧ་ཅང་ཡོད་ཀྱང་། ད་ཆ་འོས་བསྡུའི་སྐབས་ཆ་ཤས་ལེན་སྟངས་དེ་ནི་རྟགས་མཚན་བཟང་པོ་ཞིག་ཡིན་པར་ངོས་འཛིན་གནང་བཞིན་འདུག །
Share with your friends










Submit