Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༤ རེས་གཟའ་ཕུར་བུ། ༄༅། །ཕྱི་ལོ་ ༢༠༡༩ ཟླ་  ཚེས་  རེས་གཟའ་ཕུར་བུའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཨན་དཱཛ་གསོལ་མགྲོན་ཁང་ Andaz Hotel  གི་ཚོགས་ཁང་ནང་ཏཱ་ལ་འི་བླ་མའི་དགེ་རྩ་དང་། ཨེ་མོ་རི་མཐོ་སློབ། ཝ་ན་ཐེབས་རྩ། Vana Foundation བཅས་ཐུན་མོང་གི་གོ་སྒྲིག་འོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྤྱི་ཚོགས་དང་། སེམས་ཚོར། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོའི་བསླབ་གཞི་རྩ་འཛིན་གཏན་འབེབས་ཀྱི་དབུ་འབྱེད་མཛད་སྒོ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཞིག་བསྐོང་ཚོགས་ཡོད།  

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཨབ་གྷན་ན་སི་ཐན་དང་བྷང་ལ་དེ་ཤི། བལ་ཡུལ། འབྲུག མལ་དིབ་སི།  པ་ཀི་སི་ཐན། ཤྲི་ལངྐཱ་སོགས་ཡོང་གྲགས་སུ་ SAARC ཞེས་པའི་མཐུན་ཚོགས་རྒྱལ་ཁབ་ཁག་ནས་ཚོགས་འདུར་འཛུལ་ཞུགས་གནང་མཁན་གྱི་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ་རྗེས་གསར་འགོད་ལྷན་ཚོགས་དབུ་འཛུགས་ཀྱིས་ཐོག་མར་སྐུ་ཞབས་ Bren dan Ozawa de Silva ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་གཏན་འབེབས་གནང་བའི་རྒྱུད་རིམ་ངོ་སྤྲོད་གནང་། 

དེ་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་སློབ་སྟོན་པ་དང་། གསར་འགོད་པ་བཅས་ལ་བཀའ་སློབ་སྩལ་དོན།  བྱམས་བརྩེས་ཕོངས་པའི་མི་སྡེའི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐུབ་ཐབས་མེད།

དེར་བརྟེན་དེང་དུས་ཤེས་ཡོན་ལམ་ལུགས་ནང་བྱམས་བརྩེའི་སློབ་གསོ་ངེས་པར་དུ་དགོས།  འཛམ་གླིང་ནང་དཀའ་ངལ་མང་པོ་ཞིག་མིས་བཟོས་པ་རེད།  དཀའ་ངལ་དེ་དག་མིག་རྒྱང་ཐུང་ཐུང་དང་། ཉོན་མོངས་པའི་གཞན་དབང་དུ་སོང་བར་བརྟེན་ནས་ཡོང་བ་ཞིག་རེད།

དེ་འདྲ་ཡིན་སྟབས་སྨོན་ལམ་བརྒྱབ་པ་ཙམ་གྱིས་དཀའ་ངལ་སེལ་རྒྱུ་ཟེར་བ་ཡོང་ཐབས་མེད།  བྱ་བ་བཟང་ངན་ཇི་འདྲ་ཞིག་ཡིན་ཡང་གཙོ་བོ་ཀུན་སློང་ལ་རག་ལས་ཡོད། ཀུན་སློང་དེ་གཙོ་བོ་ཡིན་སྟབས་དུས་རབས་འདི་འཚེ་མེད་ཞི་བ་བྱམས་བརྩེའི་དུས་རབས་ཤིག་བཟོ་མིན་མིའི་ཀུན་སློང་ལ་རག་ལས་ཡོད། ཤེས་ཡོན་གྱི་ལམ་ནས་མིའི་ཀུན་སློང་ཇེ་བཟང་དུ་བཏང་ཐུབ་པ་ཡིན་ན་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏང་ཐུབ། ཅེས་སོགས་ཀྱི་བཀའ་སློབ་སྩལ་འདུག་པ་བཅས། 

སྐུ་པར་གྱི་བདག་དབང་དགའ་ལྡན་ཕོ་བྲང་ལ་ཡོད།

Share with your friends










Submit