ཟླ་བ་ ༤ ཚེས ༡ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡ རེས་གཟའ་ཟླ་བ། 

༄༅། །འདི་གར་ཐེ་ཝན་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐེངས་དང་པོར་དྲ་རྒྱའི་ཐད་གཏོང་བརྒྱུད་ལམ་ཐོག་ཐེ་ཝན་དད་ལྡན་ཆོས་ཞུ་བ་རྣམས་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་ཆོས་འབྲེལ་བསྐྱངས་གནང་མཛད་ཡོད།

ཕྱི་ཟླ་ ༣ ཚེས་ ༣༡ རེས་གཟའ་ཉི་མ་ཉིན་ཐེ་ཝན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ནས་ ༡།༣༠ བར་དྲ་རྒྱའི་ཐད་གཏོང་བརྒྱུད་ལམ་ནས་མི་གྲངས་ ༣༠༠༠ ཙམ་གཤོངས་བའི་ཐེ་པེ་རྒྱལ་སའི་གཞུང་གཉེར་ཀྲུང་ཧྲན་ཚོགས་ཁང་ཆེན་མོ་དང་། ལྷོ་ཕྱོགས་ཡུན་ལིན་གྲོང་ཁྱེར་ནང་ཆགས་པའི་ཚོགས་གཉིས་ཆོས་ཚོགས་ཀྱི་དགོན་པའི་སེར་སྐྱ་མི་གྲངས་ ༢༠༠༠ ལྷག་ལ་དབུ་མ་རིན་ཆེན་ཕྲེང་བ་ཆོས་འབྲེལ་དང་། ཆོས་ཞུ་བའི་དྲི་བ་ཁག་ལ་བཀའ་ལན་བཀའ་དྲིན་སྩལ་གནང་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་སྐད་ཐོག་ཆོས་འབྲེལ་གནང་བ་རྒྱ་སྐད་ཐོག་དུས་མཉམ་གསུང་སྒྱུར་གོ་སྒྲིག་གནང་ཡོད་པ་རེད།

ཐེངས་འདིའི་དྲ་རྒྱའི་ཐད་གཏོང་གསུང་ཆོས་གོ་སྒྲིག་གནང་མཁན་གྱི་ཚོགས་སྡེ་ནི། ཐེ་ཝན་གཞུང་ལ་དེབ་སྐྱེལ་ཡོད་པའི་ཆོས་ལུགས་རིས་མེད་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་གྲངས་ ༢༧ ཙམ་གྱིས་མཉམ་འབྲེལ་གྱིས་ཐེ་ཝན་གཞུང་ལ་དེབ་སྐྱེལ་བྱས་པའི་མཐུན་ཚོགས་ཤིག་ཡིན་པ་དང་། རྒྱུན་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་ཐེ་ཝན་ནང་ཆིབས་སྒྱུར་གནང་སྐབས་གསུང་ཆོས་གོ་སྒྲིག་སོགས་གནང་གི་ཡོད།

ལྷག་དོན་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་མོ་ནི། མི་ལོ་ ༦༠ གོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་གཞུང་འབངས་གཉིས་རྒྱ་གར་ས་ཐོག་ཏུ་འབྱོར་བའི་ཉིན་མོ་དང་བསྟུན། ཐེ་ཝན་སྦྲག་སྲིད་ལས་ཁུངས་ཀྱི་ཆོག་མཆན་ཐོག་ཐེ་ཝན་གྱི་སྦྲག་རྟགས་མཉམ་༸གོང་ས་མཆོག་གི་སྐུ་པར་འཁོད་པའི་སྦྲག་རྟགས་ཚན་པ་ཁག་གཉིས་དང་། དེ་བཞིན་བོད་མི་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༦༠ འཁོར་བའི་དྲན་གསོའི་སྦྲག་རྟགས་ཚན་པ་གཅིག་བཅས་འགྲེམས་ཚོང་གནང་ཡོད་པ་བཅས། །

Share with your friends










Submit