Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༢ རེས་གཟའ་ཟླ་བ།


༄༅། །བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་བོད་མི་དགེ་འདུན་བཟོད་པ་དང་། ཆོས་བཟང་། བན་དེ་རྡོ་རྗེ། བཀྲ་ཤིས་ཚེ་རིང་། བསོད་ནམས་རྒྱལ། དར་རྒྱས། ཤ་བོ་ཚེ་རིང་། མཁའ་བྱམས་རྒྱལ། འབྲུག་འབུམ་ཚེ་རིང་བཅས་ལ་མི་ལོ་ ༣ ནས་༧ བར་གྱི་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གནས་ཚུལ་སྤེལ་གསལ་ལྟར་ན།  རེབ་གོང་ཧོར་རྒྱ་སྡེ་བ་ནས་ཡིན་པའི་བོད་མི་དེ་ཚོར་བཙན་སྐུལ་གྱིས་ཚོང་བརྗེ་བྱེད་དུ་བཅུག་པ་དང་། ཧམ་འཕྲོག་གཡོ་ལེན་བྱས་པ། མི་མང་དཔུང་བསྡེབས་ཀྱིས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བྱས་རབས་ཀྱི་ནག་ཉེས་བཙུགས་ཡོད། རྒྱ་ཡིག་ནང་མངོན་གསལ་ལྟར་ན། བོད་མི་དེ་དག་གི་མིང་ལ་དགེ་འདུན་བཟོད་པ་དང་། ཆོས་བཟང་། བན་དེ་རྡོ་རྗེ། བཀྲ་ཤིས་ཚེ་རིང་། བསོད་ནམས་རྒྱལ། དར་རྒྱས། ཤ་བོ་ཚེ་རིང་། མཁའ་བྱམས་རྒྱལ། འབྲུག་འབུམ་ཚེ་རིང་། ཞེས་ཡིན་འདུག

འདི་ནི་འདས་ལོའི་ཕྱི་ཟླ་ ༡ པོར་བསྒྲགས་པའི་མ་འོངས་ལོ་ངོ་གསུམ་རིང་གི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་འགུལ་དང་འབྲེལ་ཏེ། རྨ་ལྷོ་ཐུན་རིན་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ཉེས་དོན་ཐག་གཅོད་ཐེངས་དང་པོ་དེ་ཆགས་ཡོད། ཐུན་རིན་རྫོང་མི་དམངས་ཁྲིམས་ཁང་ཟེར་བས། བོད་མི་དེ་ཚོས་ཚོགས་མི་ ༢༤ ལས་གྲུབ་པའི་ཁ་འགོ་བ་༼སྡེ་མིས་བསྐོས་པའི་འགོ་ཁྲིད་ཚོགས་ཆུང་ཞིག༽རྩ་འཛུགས་བྱས་ཏེ་ཧོར་རྒྱ་སྡེ་བའི་ཨུ་ལྷན་གཉིས་༼སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཏང་ཨུ།༽དང་། གཞི་རིམ་གྱི་སྲིད་དབང་ལ་སྟངས་འཛིན་བྱ་རྩིས་བྱས་རབས་བཤད་འདུག ཁྲིམས་ཁང་དེས་ད་དུང་ཚོགས་པ་དེའི་འགོ་ཁྲིད་༩ ཡིས། སྲིད་གཞུང་གིས་ས་ཆ་བསྡུ་ལེན་གྱི་ལས་དོན་དང་། འཛུགས་སྐྲུན་ལས་གཞིར་གཏོར་བརླག་གཏོང་ཐབས་ཀྱི་ངན་སེམས་བཅངས་རབས། ཚབས་ཆེའི་ནག་ཉེས་དེའི་ཁྲོད་དུ་ནག་ཚོགས་རྩྭ་འཛུགས་ཀྱིས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བཏང་ཡོད་ལུགས་བཤད་འདུག

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ནང་རྒྱ་གཞུང་འབྲེལ་བརྒྱུད་ལམ་ཏུ་གོང་ཞུས་ཁ་འགོ་བའི་ཚོགས་མི་དེ་དག་འཛིན་བཟུང་བྱས་རབས་དང་། ཁོ་ཚོ་ནག་ཚོགས་དང་འབྲེལ་བ་ཡོད་ལུགས། ཁོ་ཚོས་ཁྲིམས་འགལ་གྱིས་གཞི་རིམ་གྱི་སྲིད་དབང་ལ་སྟངས་འཛིན་དང་། སྡེ་དོན་དང་སྲིད་དོན་ལ་ཐེ་གཏོགས་བྱས་ཏེ་ཁྲིམས་འགལ་གྱི་ཉེས་པ་བསགས་ཡོད་རབས། ནག་ཚོགས་དེ་ནི་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༡ ཉིན་རྩ་འཛུགས་བྱས་ཡོད་ལུགས་བསྒྲགས་འདུག སྐབས་དེར་ཉེས་འཛུགས་འོག་ཏུ་འཛིན་བཟུང་ཐེབས་པའི་བོད་མི་དེ་ཚོར་རྒྱ་གཞུང་གི་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་དང་ཁུལ་རྫོང་རིམ་པའི་སྤྱི་བདེ་ཅུས་ཀྱིས་ཞིབ་བཤེར་ལ་སྒུག་ཏུ་བཅུག་འདུག བོད་མི་དེ་ཚོ་ཕྱི་ཟླ་ ༧ ནང་བཀག་ཉར་གྱིས་ཕྱི་ཟླ་ ༨ པའི་ནང་དངོས་སུ་འཛིན་བཟུང་གི་གྱོད་དོན་ཐོ་འགོད་བྱས་རབས་བསྒྲགས་འདུག

བོད་མི་དེ་ཚོ་འཛིན་བཟུང་བཀག་ཉར་བྱེད་དོན་དངོས་ནི། ཁོ་ཚོ་ཧོར་རྒྱ་སྡེ་དམངས་ཀྱི་ཚབ་བྱས་ཏེ། དེ་སྔོན་སྲིད་གཞུང་གིས་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་གིས་སོ་ཕག་བཟོ་གྲྭ་བཙུགས་ཀྱང་ཁེ་གཉེར་མ་ཐུབ་པའི་ས་ཆ་དེ་དག་ཕྱིར་མང་ཚོགས་ལ་སྤྲོད་དགོས་པའི་ཞུ་གཏུག་ལས་འགུལ་སྤེལ་བཞིན་པར་དྲག་གནོན་དང་། ཧོར་རྒྱ་སྡེ་བའི་འགོ་ཁྲིད་ཀྱི་སྟོབས་ཤུགས་མེད་པ་བཟོ་ཐབས་ཤིག་ཡིན་པ་གསལ་ཡོད།  

ཁ་འགོ་བའི་ཚོགས་མི་ ༢༤ ཡི་ས་ཡིག་འཁོད་པ་དང་སྡེ་མི་ ༥༠༠ ཡིས་རྒྱབ་སྐྱོར་གནང་བའི་ཞུ་ཡིག་དེའི་ནང་དུ། ས་གནས་སྲིད་གཞུང་ནས་མང་ཚོགས་ཀྱི་ས་ཐོག་ཏུ་སོ་ཕག་བཟོ་གྲྭ་གསུམ་བཙུགས་པ་དང་། ཕྱི་ལོ་ ༢༠༡༡ ལོར་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བཟོ་གྲྭ་དེ་དག་སྒོ་བརྒྱབ་པའི་སྐོར་དང་། ས་གནས་སྲིད་གཞུང་གིས་སོ་ཕག་བཟོ་གྲྭ་གསུམ་གྱི་བདག་པོར་གུན་གསབ་འབོར་ཆེན་སྤྲད་ཀྱང་། ས་གནས་མང་ཚོགས་ལ་མི་ལོ་བདུན་རིང་གི་ས་རིན་སྤྲད་མེད་སྐོར་འཁོད་འདུག་པ་མ་ཟད། ཞུ་ཡིག་དེའི་སྟེང་དུ་ཁ་འགོ་བའི་ཚོགས་མི་ ༢༤ ཡི་མིང་རྟགས་འཁོད་པ་ཙམ་མིན་པར། ཧོར་རྒྱ་སྡེ་གཞུང་གི་རྒྱབ་རྟེན་ཐམ་ཀ་ཡང་འཁོད་འདུག

རྒྱ་གཞུང་གིས་ཁ་འགོ་བས་སྡེ་དམངས་ཨུ་ལྷན་གྱི་དབང་ཆར་ཚོད་འཛིན་བྱས་རབས་བཤད་པ་དེ་ནི་ནག་མེད་ཉེས་འཛུགས་བྱས་པ་ཞིག་ཡིན་པ་གསལ་འདུག ཁ་འགོ་བ་ཞེས་པ་དེ་ནི་སྡེ་མིས་བསྐོས་པའི་འགོ་ཁྲིད་ཚོགས་ཆུང་ཞིག་ཡིན་པ་དང་། ཚོགས་པ་དེས་ནམ་རྒྱུན་སྡེ་བའི་སྤྱི་དོན་གལ་ཆེན་རིགས་ལ་གྲོས་བསྡུར་ཐག་གཅོད་བྱེད་ཀྱི་ཡོད་ལ། བོད་མིའི་སྲོལ་རྒྱུན་སྤྱི་ཚོགས་ཁྲོད་དུ་ཁ་འགོ་བས་སྤྱི་ཚོགས་ཀྱི་འགན་ཁུར་ནས་མང་ཚོགས་ལ་གྲོས་བསྡུར་དང་ཁ་ཏ་སློབ་གསོ་གཏོང་སྲོལ་ཡོད། རྒྱ་གཞུང་གི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དམིགས་འབེན་གཙོ་བོ་གཅིག་ནི། རོང་འབྲོག་ཁུལ་གྱི་གཞི་རིམ་ཚོགས་སྡེ་ཁག་ཡིན་པ་དང་། རྒྱ་གཞུང་གིས་གཞི་རིམ་གྱི་སྲིད་ཁྲིམས་སྡེ་ཁག་ཏུ་དམར་ཤོག་ཚོགས་པའི་འབྲེལ་ལམ་དང་དབང་ཤུགས་རྒྱ་སྐྱེད་གཏོང་གི་ཡོད་པ་རེད།

སྡེ་དམངས་ཨུ་ཡོན་ལྷན་ཁང་ཟེར་བ་དེ་ནི་རྒྱ་གཞུང་གི་སྲིད་དབང་གཅིག་སྡུད་འོག་གི་དབང་ཆ་དམའ་ཤོས་ཀྱི་སྒྲིག་འཛུགས་ཤིག་ཡིན་པ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ནང་དུ། མང་ཚོགས་ལ་སྡེ་དམངས་ཨུ་ལྷན་འདེམས་པའི་དབང་ཆ་ཡོད་རབས་དང་། སྡེ་དམངས་ཨུ་ལྷན་གྱིས་སྡེ་དམངས་ཀྱི་ཁེ་ཕན་གཞིར་བཟུང་ནས་སྡེ་བའི་ལས་དོན་ལག་བསྟར་དང་དོ་དམ་གྱི་འགན་ཁུར་ཡོད་རབས་འཁོད་ཅིང་། སྡེ་དམངས་ཨུ་ལྷན་ཟེར་བ་དེས་མང་ཚོགས་ཀྱི་རང་དབང་ཐོབ་ཐང་ལ་སྟངས་འཛིན་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་། གཞི་རིམ་མང་ཚོགས་ཀྱི་ཨུ་ལྷན་འདེམས་བསྐོ་བརྒྱུད་ནས་སྡེ་བའི་ཏང་ཨུ་དང་སྡེ་དམངས་ཨུ་ལྷན་གཉིས་དབར་གྱི་འབྲེལ་ལམ་ཐད་ལ་རམ་འདེགས་ཀྱི་ནུས་པ་འཐོན་གྱི་ཡོད། ཆེད་མཁས་པ་ཁ་ཤས་ཀྱིས་རྒྱ་ནག་གི་གྲོང་སྡེ་རང་སྐྱོང་ཟེར་བ་དེ་ནི་དོན་དངོས་སུ་དམར་ཤོག་སྲིད་གཞུང་གི་དབང་སྒྱུར་སྲིད་བྱུས་ཁག་ལག་བསྟར་སྟབས་བདེ་ཡོང་ཐབས་ཤིག་ཡིན་པའི་དགོངས་ཚུལ་བཏོན་ཡོད། སྡེ་དམངས་ཨུ་ལྷན་གྱི་སྒྲིག་ཁྲིམས་ནང་དུ་ཁ་གསལ་ཅི་ཡང་མེད་ནའང་། སྒྲིག་ཁྲིམས་དེ་ཐོག་མར་བཟོ་མཁན་ཚོས་གྲོང་སྡེའི་འོས་བསྡུ་བརྒྱུད་ནས་གྲོང་སྡེ་རང་སྐྱོང་གི་ཐོབ་ཐང་ཡར་རྒྱས་ཀྱི་ལྟ་ཚུལ་བཏོན་འདུག བོད་ནང་དུ། ས་གནས་སྲིད་གཞུང་གི་སྒྲིག་གྲས་བྱེད་ལས་ཀྱི་སྟངས་འཛིན་ལ་བརྟེན་ནས་སྡེ་དམངས་ཨུ་ལྷན་ལས་ཏང་ཨུ་ལ་དབང་ཤུགས་ཆེན་པོ་ཡོད་པ་རེད།

Share with your friends










Submit