ཟླ་བ་ ༤ ཚེས ༡༦ ༢༠༡༩
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༦ རེས་གཟའ་མིག་དམར། 

༄༅། །ཨེ་ཤི་ཡ་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་མང་གཙོ་མཐུན་ཚོགས་ Asia Pacific Democrat Union ནས་ཁེ་ན་ཌའི་ནང་གནས་བཞུགས་བོད་རིགས་ཁང་གསར་བསྟན་འཛིན་དར་རྒྱལ་ལགས་ཚོགས་པ་དེའི་ཚོགས་གཞོན་དུ་འོས་འདེམས་གནང་འདུག

དེ་ཡང་ཁང་གསར་བསྟན་འཛིན་དར་རྒྱལ་ལགས་ནི། ཨེ་ཤི་ཡ་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་མང་གཙོ་མཐུན་ཚོགས་ཀྱི་ཚོགས་གཞོན་དུ་འོས་འདེམས་གནང་བའི་བོད་རིགས་ཐོག་མ་དེ་ཆགས་ཡོད་པ་དང་། ཁོང་གི་ལས་འགན་གཙོ་བོ་ནི། ཨེ་ཤི་ཡ་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་མང་གཙོ་མཐུན་ཚོགས་ཀྱི་གཞི་རྩའི་ལངས་ཕྱོགས་དང་དགོས་དམིགས་གཞིར་བཞག་ཐོག་རྒྱལ་སྤྱིའི་མང་གཙོའི་མཐུན་ཚོགས་ International Democrat Union ཀྱི་ལངས་ཕྱོགས་དང་འབྲེལ་ནས་ཐུན་མོང་གིས་ཞབས་འདེགས་སྒྲུབ་ཀྱི་ཡོད།

ཁང་གསར་བསྟན་འཛིན་དར་རྒྱལ་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། ཁོང་གིས་དུས་ཡུན་ལོ་གཉིས་རིང་ཚོགས་གཞོན་གྱི་འགན་བཞེས་གནང་རྒྱུ་ཡིན་པ་རེད།  ཁང་གསར་བསྟན་འཛིན་དར་རྒྱལ་ལགས་ཀྱིས་དེ་སྔ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ནང་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། རྒྱལ་སྤྱིའི་འཕྲུལ་ལས་བཟོ་གྲྭ་དང་། དཔལ་འབྱོར། ས་ཁང་སོགས་ཀྱི་འགོ་ཁྲིད་ཚོར་སློབ་སྟོན་པའི་ཕྱག་ལས་གནང་མྱོང་ཡོད། 

དེ་བཞིན་ཁོང་གིས་ཁེ་ན་ཌ་གཞུང་གི་བཟོ་གྲྭའི་བློན་ཆེན་ལས་ཁུངས་ལ་ཆབ་སྲིད་སློབ་སྟོན་པ་རྒན་པའི་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། ཁེ་ན་ཌའི་མ་འཛུགས་དངུལ་ཁང་ Biotique Investment Bank གི་འཛིན་སྐྱོང་འགན་འཛིན་གནང་བ་དང། དེ་བཞིན་ཁོང་དང་ཕྱག་རོགས་མཉམ་འབྲེལ་ཐོག་འཕྲུལ་ལས་ཁེ་ལས་བཟོ་ཚོང་ཁང་གསར་འཛུགས་གནང་ཡོད། ཁང་གསར་བསྟན་འཛིན་དར་རྒྱལ་ལགས་ནི། ཁེ་ན་ཌའི་ཕྱི་འབྲེལ་སྲིད་བྱུས་ཐོག་ཤུགས་རྐྱེན་ཆེ་ཤོས་ཐེབས་མཁན་མི་སྣ་གྲགས་ཅན་གྲངས་ ༦༠ འདེམས་སྒྲུག་གནང་བའི་ཁྲོད་ནས་གཅིག་ཡིན་ཞིང་། མེཀ་གྷི་ལི་འཛིན་སྐྱོང་མཐོ་སློབ་ཁང་ McGill School of Management ནས་སློབ་མཐར་སོན་ཡོད་པ་བཅས། །

Share with your friends










Submit