ཟླ་བ་ ༤ ཚེས ༡༠ ༢༠༡༩
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༠ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༠ ཉིན་བཀའ་དྲུང་ཟུར་པ་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་དང་བཀའ་དྲུང་གསར་པ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་གཉིས་དབར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་བཀའ་དྲུང་ཡིག་ཚང་དུ་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། བཀའ་དྲུང་ཟུར་པ་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས། སྤྲོད་དཔང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་བཅས་ལྷན་འཛོམས་ཀྱིས་ཐོག་མར་བཀའ་དྲུང་ཟུར་པ་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་བཀའ་དྲུང་གསར་པ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ལ་ཡིག་སྣོད་དང་འཛིན་ཆས། གལ་ཆེའི་ཅ་དངོས་སོགས་རྩིས་སྤྲོད་གནང་བའི་ཁོངས་བཀའ་ཐམ་སྲིད་ཞིའི་བདེ་སྐྱིད་དང་། རྟགས་ཐམ། སེལ་ཐམ་བཅས་ཀྱང་ཡོད། དེ་རྗེས་བཀའ་དྲུང་ཟུར་པ་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་བཀའ་དྲུང་གསར་པ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ལ་མགུལ་དར་བསྒྲོན་མཚམས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།

དེ་ནས་འདི་གའི་གསར་འགོད་པས་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ལ་མྱོང་ཚོར་ཇི་བྱུང་སྐོར་བཀའ་འདྲི་ཞུས་སྐབས། ཁོང་གིས་གསུང་དོན། བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་ཞུས་ནས་ཕལ་ཆེར་ལོ་ངོ་ ༢༥ ལྷག་འགྲོ་གི་འདུག བཀའ་ཤག་གིས་ཐུགས་རེས་དང་ཡིད་ཆེས་བློ་འགེལ་གནང་ནས་བཀའ་དྲུང་ལ་བསྐོ་གཞག་གནང་བ་རེད། ང་རང་གིས་ངོས་ནས་ཧུར་ཐག་གིས་ཞབས་ཞུ་བསྒྲུབ་རྒྱུ་ཡིན།

སྤྱིར་བཏང་བཀའ་དྲུང་གཅིག་པུས་གནང་རྒྱུ་གང་མེད། གཤམ་འོག་གི་ལས་བྱེད་རྣམ་པ་ཚོ་ཡོད་པ་རེད། གོང་ལ་བཀའ་བློན་རྣམ་པ་ཚོ་ཡོད་པ་རེད། ཁོང་རྣམ་པ་ཚོའི་དྲུང་ནས་ལམ་སྟོན་ཞུ་རྒྱུ་དང་། གཤམ་འོག་ལས་བྱེད་ཚོར་རམ་འདེགས་དང་གཡས་སྐྱོར་གཡོན་སྐྱོར་གྱིས་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་གསུངས།

འདི་ག་གསར་འགོད་པས་བཀའ་དྲུང་ཟུར་པ་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་ལ་མྱོང་ཚོར་ཇི་བྱུང་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ལས་བྱེད་ཚོར་ལམ་སྟོན་ཇི་ཡོད་སྐོར་བཀའ་འདྲི་ཞུས་སྐབས། ཁོང་གིས་གསུང་དོན། བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་ཞུས་ནས་ལོ་ངོ་ ༤༤ ལྷག་འགྲོ་གི་འདུག དེ་རིང་ང་འདི་ནས་མར་ཐོན་འགྲོ་དུས་སེམས་ལ་དགའ་བ་དང་སྤོབས་པ་སྐྱེ་ཡི་འདུག བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ལ་ཆ་མཚོན་ན། ད་བར་ལོ་ངོ་ ༢༥ ལྷག་གི་རིང་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་བསྒྲུབས་ཡོད། དེར་བརྟེན་ངས་འདི་ནས་ཁོང་ལ་རྩིས་སྤྲོད་བྱེད་སྐབས་སེམས་ལ་དགའ་བ་དང་སྤོབས་པ་ཡོང་གི་འདུག

ངའི་ལོ་ཚོད་གཅིག་པ་བོད་མིའི་སྒྲིག་འཛུགས་ཀྱི་ནང་ད་ལྟ་ཞབས་ཞུ་སྒྲུབ་བཞིན་པ་གསུམ་བཞི་མ་གཏོགས་མི་འདུག ང་ཚོའི་ཁ་རྒྱུན་ལ་ཆུ་ཕྱིན་པ་ཡིན་ནའང་། ཟམ་པ་གནས་དགོས་ཞེས་བཤད་སྲོལ་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་འདི་ཤིན་ཏུ་གལ་ཆེན་པོ་རེད། སྒྲིག་འཛུགས་འདི་གནས་དང་མ་གནས་ཟེར་བ་དེ་སྲི་ཞུ་བ་ཚོར་རག་ལས། སྲི་ཞུ་བའི་ལས་བྱེད་གོང་མ་ཚོས་སྐུ་ལས་བསྐྱོན་པར་བརྟེན། ད་བར་བོད་མིའི་སྒྲིག་འཛུགས་འདི་ཧྲ་ཏག་ཏག་གནས་ཐུབ་ཡོད། ད་ལྟ་གཞོན་སྐྱེས་ཚོའི་སྒང་ལ་འགན་བབ་ཡོད་སྟབས། སྲི་ཞུ་བའི་ལས་བྱེད་གཞོན་པ་ཚོས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཧུར་ཐག་འབད་ཐག་གིས་གནང་རྒྱུ་གལ་ཆེན་པོ་འདུག བོད་མིའི་སྒྲིག་འཛུགས་འདི་མ་གནས་པ་ཡིན་ན། དཔལ་འབྱོར་ག་ཚོད་ཡོད་ཀྱང་ཐལ་བ་དང་གཅིག་པ་རེད།

ཕྱོགས་མཚུངས་གསར་འགོད་པས་བཀའ་དྲུང་ཟུར་པ་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་ལ་རྩིས་སྤྲོད་རྩིས་ལེན་གནང་ལུགས་གནང་སྟངས་སྐོར་བཀའ་འདྲི་ཞུས་སྐབས་བཀའ་དྲུང་ཟུར་པ་ལགས་ཀྱིས་གསུང་དོན། སྲི་ཞུ་བའི་ལས་བྱེད་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་སྐབས་སྲོལ་རྒྱུན་གྱི་ལམ་ལུགས་འགྲོ་སྟངས་དེ་གལ་ཆེན་པོ་རྩི་ཡི་ཡོད། དེར་བརྟེན་དེ་རིང་སྲོལ་རྒྱུན་གྱི་འགྲོ་སྟངས་རང་ནས་རྩིས་སྤྲོད་རྩིས་ལེན་བྱས་ཐུབ་ཡོད། ཅེས་གསུངས།

བཀའ་ཐམ་སྲིད་ཞིའི་བདེ་སྐྱིད་ནི། ༧རྒྱལ་མཆོག་སྐུ་ཕྲེང་བདུན་པའི་སྐབས་བཟོ་གནང་མཛད་པ་དང་། གཞུང་ནས་ལས་ཁུངས་ཁག་ལ་དགོས་དངུལ་གཏོང་ལེན་སྐབས་དང་། བཀོད་རྒྱ་ཁག  ལམ་ཡིག་ཁག་ལ་བཀའ་ཐམ་སྲིད་ཞིའི་བདེ་སྐྱིད་བེད་སྤྱོད་གནང་གི་ཡོད།།

Share with your friends










Submit