Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༨ རེས་གཟའ་ཟླ་བ།

༄༅། །གཞན་ཕན་ལྷག་བསམ་ཅན་གྱི་ཨ་རིའི་འབྱོར་ལྡན་པ་སྐུ་ཞབས་བྷོབ་བྷི་སེ་གར་ Bobby Sager ལགས་ཀྱིས་ལོ་ངོ་བཅུ་དགུའི་གོང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆེས་ཐོག་མར་མཇལ་བཅར་ཞུ་སྐབས། ལས་འཆར་ཇི་འདྲ་ཞིག་སྤེལ་ན་བཟང་མིན་བཀའ་སློབ་ལམ་སྟོན་ཞུས་པར་མགོན་པོ་གང་ཉིད་ནས་ཁོང་ལ་བོད་མིའི་དགོན་སྡེ་ཁག་གི་ནང་དགེ་བཙུན་རྣམས་ལ་དེང་དུས་ཚན་རིག་སློབ་སྦྱོང་གི་མཐུན་འགྱུར་སྦྱོར་སྤྲོད་གནང་ཐུབ་ཚེ་དགེ་མཚན་ཆེ་སྐོར་བཀའ་སྩལ་སྤྱི་སྨིན་ལྟར་ཁོང་གིས་ཁ་ཞེ་གཉིས་ཐོག་༸རྒྱལ་བའི་བཀའ་ཅི་སྲུང་དང་ལེན་ཞུས་འདུག  དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༧ ཉིན་འབྱོར་ལྡན་ཁོང་རྒྱ་གར་རྒྱལ་ས་ལྡི་ལིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་པ་མ་ཟད།  ཁོང་གིས་སྣེ་ཁྲིད་འོག་གོ་ལ་ཁྱོན་ཡོངས་ནས་གཞོན་སྐྱེས་འགོ་ཁྲིད་མི་གྲངས་ཞེ་བདུན་ལ་༸གོང་ས་མཆོག་གིས་མཇལ་ཁ་དང་བཀའ་སློབ་སྩལ་དོན། 

འབྱོར་ལྡན་གཏོང་འཕད་ཅན་སྐུ་ཞབས་བྷོབ་བྷི་ལགས།

བཀུར་འོས་སྤུན་མཆེད་ཕོ་མོ་རྣམ་པ།  ཁ་སང་ངོས་ཀྱིས་བརྗོད་པ་ལྟར། གནས་སྟངས་བཟང་ངན་ཇི་འདྲ་ཞིག་ཡིན་རུང་འགྱུར་བའི་རང་བཞིན་ལས་མ་འདས་པ་ནི་དངོས་པོའི་གཤིས་སུ་གྲུབ་པ་ཞིག་རེད།  ཆོས་རྣམས་རང་རང་གི་རྒྱུ་ཚོགས་ལ་བརྟེན་ནས་སྐྱེ་འགག་སོགས་ཡོང་བཞིན་ཡོད།  སྐབས་རེ་གནས་སྟངས་ཧ་ཅང་ཛ་དྲག་པོའི་ནང་ལྷུང་སྐབས་བསམ་བློ་དེ་ཆགས་སྡང་སོགས་ཉོན་མོངས་པའི་གཞན་དབང་དུ་མ་སོང་བར་ཤེས་རབ་ཀྱི་གྲོགས་དང་བཅས་པའི་བློ་ཞི་བདེ་བག་ཕེབས་ངང་གནས་ཐུབ་ཚེ་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་གཞི་བཅོལ་ནས་དངོས་ཡོད་གནས་ཚུལ་ཇི་ཡིན་རྟོགས་ཐུབ་པ་རེད།  ཞི་བདེ་བག་ཕེབས་ཀྱི་བློ་དེར་དེ་འདྲའི་ནུས་པ་ལྡན་ཡོད།  ཉོན་མོངས་པའི་གཞན་དབང་དུ་སོང་ཚེ་ཕྱོགས་གཅིག་ཁོ་ན་མ་གཏོགས་མཐོང་མ་ཐུབ། འཛམ་གླིང་འདིར་མི་འབོར་ཐེར་འབུམ་བདུན་ཡོད་པའི་ནང་ནས་ངོས་རང་ཡང་འགྲོ་བ་མི་ཞིག་ཡིན་པར་བརྟེན་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་ཐབས་བྱེད་བཞིན་ཡོད།  བསམ་བློ་དེ་འདྲ་གཏོང་སྐབས་ངོས་རང་ཉིད་ལའང་ཕན་ཐོགས་ཧ་ཅང་འདུག  མིག་གཉིས་སྣ་གཅིག་སོགས་མིའི་རྣམ་འགྱུར་གཅིག་པ་མཐོང་སྐབས་ང་ཚོ་མི་ཚང་མ་ལུས་སེམས་དང་། སེམས་མྱོང་གང་གི་ཆ་ནས་གཞན་དེའང་ངོས་རང་ཉིད་དང་གཅིག་མཚུངས་འགྲོ་བ་མི་ཞིག་ཡིན་པའི་འདུ་ཤེས་བློར་སྐྱེ་བཞིན་འདུག དེར་བརྟེན་མི་གཞན་སུ་འདྲ་ཞིག་དང་ཐུག་སྐབས་ངོས་ཀྱི་སྤུན་མཆེད་ཕོ་མོ་ཡིན་བསམ་པ་དྲན་བཞིན་འདུག  

གཉིས་ནས་ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ངོས་ནས་ཆོས་ལུགས་མཐུན་འབྲེལ་གོང་འཕེལ་གཏོང་རྒྱུ་དེ་ངོས་ཀྱི་ལས་འགན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།  ལྷག་པར་དེང་སྐབས་ཆོས་མིང་ཐོག་ནས་མི་ཕན་ཚུན་གསོད་རེས་གཏོང་བ་དེ་ནི་བློ་ཡུལ་ལས་འདས་པ་ཞིག་རེད། ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བའི་བསླབ་བྱ་སྐྱོན་བཞིན་ཡོད། དམིགས་ཡུལ་དེ་བསྒྲུབ་ཆེད་མིའི་ཁམས་དང་མོས་པ་སྣ་ཚོགས་ལ་གཞིགས་པའི་ཆོས་ལུགས་མི་འདྲ་བ་སོ་སོར་ཐབས་ལམ་འདྲ་མིན་ཡོད། འོན་ཀྱང་མཐར་ཐུག་མི་བཟང་པོ་ཞིག་དང་དྲང་བདེན་ཞིག་བཟོ་རྒྱུ་ནི་ཆོས་ལུགས་ཚང་མའི་དམིགས་ཡུལ་རེད། རྒྱ་གར་འཕགས་ཡུལ་འདིར་ཆོས་ལུགས་མཐུན་འབྲེལ་དར་འཕེལ་ཧ་ཅང་ཆེ། ཡུལ་འདིར་ཁ་ཆེའི་ཆོས་པ་ནང་ཁུལ་(སུ་ནི་Sunnisདང་ཤི་འ་Shias)དབར་འཁྲུག་འཛིང་ཤོར་བའི་སྐོར་ངོས་ཀྱིས་རྩ་བ་ནས་གོ་མྱོང་མེད་ལ་ལར་ནས་འདི་ལོའི་ཕྱི་ཟླ་ ༦ ནང་རྒྱ་གར་རྒྱལ་ཡོངས་ཁ་ཆེའི་ལྷན་ཚོགས་ཤིག་ལྡི་ལིར་འཚོགས་གཏན་འཁེལ་ཡོད་སྟབས་དེའི་ཐོག་ནས་གསལ་པོ་ཆགས་རྒྱུ་རེད། 

གསུམ་ནས་ངོས་རང་བོད་མི་ཞིག་རེད། བོད་མི་ཚོས་ངོས་ལ་རེ་བ་བཅོལ་བཞིན་ཡོད། འོན་ཀྱང་ཆབ་སྲིད་ཀྱི་གནས་སྟངས་ལ་མཚོན་ན་ངོས་ཀྱིས་ཕྱི་ལོ་ ༢༠༠༡ ནས་བཟུང་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ནས་བགྲེས་ཡོལ་ཕྱིན་པ་ཡིན། ངོས་རང་ཆུང་དུས་ནས་རྒྱལ་ཚབ་དང་ཏཱ་ལའི་བླ་མ་ལྟ་བུ་དབང་ཆ་ཡོངས་རྫོགས་མི་གཅིག་གི་ལག་པར་རྩིས་སྤྲོད་བྱ་རྒྱུ་དེ་ནོར་འཁྲུལ་ཡིན་པ་ཚོར་གྱི་འདུག དེར་བརྟེན་ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་འགན་ལེན་རྗེས་ཕྱི་ལོ་ ༡༩༥༠ ལོར་ལེགས་བཅོས་ཚོགས་པ་གསར་འཛུགས་བྱས་པ་ཡིན། འོན་ཀྱང་རྒྱ་ནག་གཞུང་གིས་རང་མོས་ལྟར་ཐག་གཅོད་བྱས་རྐྱེན་ལས་གཞི་དེ་ལམ་ལྷོངས་མ་བྱུང་བ་རེད།  རྒྱ་གར་དུ་འབྱོར་རྗེས་ཕྱི་ལོ་ ༡༩༦༠ ལོར་ང་ཚོས་འོས་བསྡུའི་ལམ་ནས་མང་གཙོའི་ཐོག་འགྲོ་རྒྱུ་འགོ་བརྩམས་པ་རེད། ཕྱི་ལོ་ ༢༠༠༡ ལོར་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་ཆབ་སྲིད་འགོ་ཁྲིད་ཐོག་མ་བྱུང་བ་རེད།  དེར་བརྟེན་ད་ཆ་ངོས་ཀྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་སྐད་ཆ་བཤད་ཀྱི་ཡོད། གང་ཡིན་བརྗོད་ན་གཙང་ཆུ་ཆེ་ཁག་མང་པོ་ཞིག་བོད་མཐོ་སྒང་ནས་འབབ་བཞིན་ཡོད། གཙང་ཆུ་དེ་དག་ལྷོ་ཨེ་ཤི་ཡ་དང་ལྷོ་ཤར་ཨེ་ཤི་ཡའི་མི་མང་རྣམས་ལ་ཧ་ཅང་རྩ་འགངས་ཆེན་པོ་ཆགས་ཡོད།  འོན་ཀྱང་བོད་ཀྱི་ཐུན་མིན་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་ཐད་ངོས་ལ་སེམས་འཚབ་ཆེ་ཤོས་འདུག  དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་བོད་དུ་ཐོག་མར་དར་བའི་དཔལ་ནཱལེནྜའི་ལེགས་བཤད་ལ་གཞི་བཅོལ་བའི་རིག་གནས་དེ་དག་རེད།  སེམས་ཁམས་རིག་པ་དང་ཚད་མ་རིག་པ་སོགས་རྒྱ་གར་གནའ་རབས་དཔལ་ནཱ་ལེནྜ་ནས་དར་བའི་སྲོལ་རྒྱུན་ལེགས་བཤད་ཕྱུག་པོ་དེ་དག་ང་ཚོ་བོད་མི་ཚོས་ལོ་ངོ་སྟོང་གི་རིང་ནས་གཅེས་ཉར་བྱེད་ཡོད།  ལེགས་སྦྱར་ཆོས་བརྒྱུད་ལ་གཞི་བཅོལ་བའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཆ་ལག་ཚང་བ་འདི་འདྲ་ཞིག་བོད་ལ་མ་གཏོགས་མེད།  དུས་རབས་བཅུ་གསུམ་ནང་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་ཚད་མའི་སྐོར་གཞུང་བརྩམས་ཡོད། ང་ཚོ་བོད་མི་ཚོས་གཞུང་དེ་དག་དང་། ཕྱོགས་མཚུངས་རྒྱ་གར་ནཱ་ལེནྜའི་ཚད་མའི་གཞུང་སྲོལ་གཏོད་པ་པོ་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱི་གཞུང་ལ་སློབ་སྦྱོང་བྱེད་ཀྱི་ཡོད། ངོས་རང་རིག་པ་ཏོག་ཙམ་གྲུང་པོ་ཆགས་པ་དེའང་ཚད་མའི་གཞུང་དེ་དག་ལ་སློབ་སྦྱོང་བྱས་པའི་བཀའ་དྲིན་རེད། 

དེར་བརྟེན་དེང་དུས་རྒྱ་གར་སྤྱི་ཚོགས་ནང་དཔལ་ནཱ་ལེནྜའི་རིག་གནས་སླར་གསོ་བྱ་རྒྱུ་དེ་ངོས་ཀྱི་ལས་འགན་ཞིག་ཡིན། གང་ཡིན་བརྗོད་ན་གནའ་རབས་སྲོལ་རྒྱུན་རིག་གནས་དེ་དང་དེང་དུས་ཤེས་ཡོན་ཟུང་འབྲེལ་ཐོག་འགྲོ་ཐུབ་རྒྱུའི་རེ་བ་རྒྱག་ས་ཉག་གཅིག་ནི་རྒྱ་གར་ཡུལ་འདི་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན་དྲི་བ་རྣམས་ལ་བཀའ་ལན་སྩལ་འདུག །

 

 སྐུ་པར་གྱི་བདག་དབང་དགའ་ལྡན་ཕོ་བྲང་ལ་ཡོད། 

 

 

Share with your friends










Submit