ཟླ་བ་ ༤ ཚེས ༩ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༩ རེས་གཟའ་མིག་དམར།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་ཕ་རན་སི་ནན་ཊི་ས་ Nantes་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet Les Enfants de L’espoir་ ཞེས་པའི་ཚོགས་མི་ཁག་གཅིག་དང་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་འཁྲིད་ལ་རྩིས་སྤྲོད་གནང་ལུགས་དང་། སྲིད་སྐྱོང་མི་མང་ནས་ཐད་ཀར་འོས་བླུགས་ཏེ་འདེམས་ཀྱི་ཡོད་སྐོར་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ཚོགས་འདུའི་འགྲོ་ལུགས། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཁག གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། སྤྱི་འཐུས་རྒྱུན་ལས་དང་རྒྱུན་ལས་ཀྱི་སྡེ་ཚན་གསུམ་སྟེ། རྒྱུན་འབྲེལ་སྡེ་ཚན་དང་། ཆབ་སྲིད་སྡེ་ཚན། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་བཅས་ཀྱི་སྐོར་ངོ་སྤྲོད་གནང་རྗེས།  ཚོགས་མི་རྣམས་ཀྱིས་དྲི་བ་ཕུལ་བ་ཁག་ལ་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད།

མཐར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་པ་འདིས་བོད་པའི་སློབ་ཕྲུག་དང་། རྒས་འཁོགས་ཁག་གཅིག་ལ་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་གནང་སོང་།དེ་རྗེས་ཁོང་རྣམས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་དུ་ཕེབས་གནང་ཡོད། 

Tibet-les Enfant de I’Espoir ཞེས་པའི་ཚོགས་པ་དེ་ཕྱི་ལོ་ ༢༠༠༦ ཟླ་ ༢ པའི་ནང་ཕུར་བུ་སྒྲོལ་མ་ལགས་ཀྱིས་དབུ་འཛུགས་གནང་བ་དང་། ཐོག་མར་ཕ་རན་སི་རྒྱལ་ས་པེ་རི་སིར་ Paris ཚོགས་པ་དེབ་བསྐྱེལ་བྱས་ཤིང་། ཕྱིས་སུ་ཕྱི་ལོ་ ༢༠༠༨ ལོར་ཕ་རན་སི་གྲོང་ཁྱེར་ནན་ཊི་ས་ Nantes རུ་གནས་སྤོས་བྱས་ཡོད་པ་དང་། སྟབས་མི་ལེགས་པ་ཞིག་ལ་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་ཕུར་བུ་སྒྲོལ་མ་ལགས་ཕྱི་ལོ་ ༢༠༡༢ ལོར་དུས་མིན་སྐུ་གྲོངས་ཡོད་འདུག

ཚོགས་པའི་ཚོགས་མིའི་ཁོངས་བཀའ་ཟུར་རྗེ་བཙུན་པདྨ་ལགས་ཀྱིས་གཙོས་ཚོགས་མི་ཁྱོན་ ༦༡ དང་། ཕ་རན་སི་རྒྱལ་ཡོངས་ནང་ཁྱོན་མི་གྲངས་ ༢༥༠ ཡིས་རྒྱབ་སྐྱོར་ཡོད་ཅིང་། ཚོགས་པ་དེས་རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་བོད་པའི་ཕྲུ་གུ་གྲངས་ ༥༥ དང་། རྒས་འཁོགས་གྲངས་ ༤ ལ་མཐུན་འགྱུར་སྦྱོར་བཞིན་ཡོད་པ་དང་། ལོ་ལྟར་བོད་དོན་དང་འབྲེལ་བའི་པར་རིས་འགྲེམས་སྟོན་དང་། གལ་ཆེའི་འདུ་འཛོམས་སོགས་ཀྱི་ཐོག་མཉམ་ཞུགས་ཀྱིས་ཕ་རན་སི་མི་མང་ལ་བོད་དོན་སྐོར་ངོ་སྤྲོད་གནང་གི་ཡོད་འདུག

གཞན་ཡང་ཚོགས་པ་དེས་ནན་ཊི་ས་གྲོང་སྡེའི་སྤྱི་ཁྱབ་མཆོག་ལ་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་གྲོང་ཁྱེར་ཚོགས་ཁང་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་ཆོག་པའི་རེ་བསྐུལ་ཞུས་པ་ལྟར། ཕྱི་ལོ་ ༢༠༠༨ ནས་བཟུང་ལོ་ལྟར་གྲོང་ཁྱེར་ཚོགས་ཁང་ནང་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བཞིན་ཡོད་འདུག་པ་བཅས། །

Share with your friends










Submit