ཟླ་བ་ ༤ ཚེས ༣༠ ༢༠༡༩
Published By ngawang thokmey

༢༠༡༩  ཟླ་ ༤ ཚེས་ ༣༠ རེས་གཟའ་མིག་དམར།

༄༅། །ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་དོན་ལྟར་ན།  དེ་རིང་ཕྱི་ཟླ་ ༤ ཚེས་ ༢༦ ཉིན་བོད་ནང་གི་ཉིན་དགུང་ཕྱག་ཚོད་ ༡༢༌༣༠ ཐོག་བོད་ཁམས་དཀར་མཛེས་རྫོང་མདའ་མདོ་ཤང་། འོང་བཟང་གྲོང་ནས་ཡིན་པའི་བོད་མི་ཆབ་སྲིད་བཙོན་ཟུར་པདྨ་དབང་ཆེན་ལགས་རྒྱ་ནག་ཁྲིན་ཏུ་སྨན་ཁང་ཞིག་ཏུ་དགོངས་པ་རྫོགས་འདུག

ཆབ་སྲིད་བཙོན་ཟུར་ཁོང་གིས་དེ་སྔ་ཕྱི་ལོ་ ༢༠༡༦ ལོར་བོད་ཀྱི་ལོ་གསར་སྐབས་ཁོང་གི་གྲོང་སྡེ་དཀར་མཛེས་རྫོང་འོང་བཟང་གྲོང་དུ་བོད་ཀྱི་རྒྱལ་གླུང་བླངས་རྐྱེན་ཟླ་བ་གཅིག་གི་རྗེས་སུ་རྒྱ་གཞུང་དམག་གིས་འཛིན་བཟུང་གིས་ཟླ་བ་གཅིག་དང་ཞགས་མ་བཞིའི་རིང་བཙོན་འཇུག་བྱས་པ་མ་ཟད། རྡུང་རྡེག་དྲག་པོ་བཏང་ཡོད་སྟབས་ཁོང་ནད་གཅོང་ཏུ་གྱུར་རྗེས་བཙོན་གྲོལ་བཏང་བ་དང་ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གི་སྨན་ཁང་འདྲ་མིན་དུ་བསྟེན་གཏུག་གནང་ཡང་ནད་གཞི་དངོས་གང་ཡིན་ངོས་འཛིན་ཐུབ་མེད་པར་མཐར་རྒྱ་ནག་གི་སྨན་ཁང་ཆེ་བ་ཞིག་ཏུ་ཟླ་བ་གཉིས་ཙམ་བཞུགས་ཏེ་ཅུང་དྲག་སྐྱེད་བྱུང་ཡོད་པ་རེད་འདུག

འོན་ཀྱང་ཉེ་ཆར་ཁོང་གི་གཟུགས་གཞིའི་གནས་བབ་ཛ་དྲག་ཏུ་གྱུར་ནས་དཀར་མཛེས་རྫོང་གི་སྨན་ཁང་ཞིག་ཏུ་ཉིན་གཉིས་ཀྱི་རིང་བཞུགས་རྗེས་ཁོང་གི་འདོད་མོས་བཞིན་རྒྱ་ནག་ཁྲིན་ཏུ་སྨན་ཁང་ཞིག་ཏུ་ཁྲིད་ཡོད་ཅིང་ལམ་བར་ནས་ཁོང་ཁ་གྲག་རྒྱུ་མེད་པར་གྱུར་བ་མ་ཟད་སྨན་ཁང་དུ་ཉིན་གསུམ་ཙམ་བཞུགས་ཀྱང་མྱུར་སྐྱོབ་མ་ཐུབ་པར་དེ་རིང་ཕྱི་ཚེས་ ༢༦ ཉིན་དགུང་ཕྱག་ཚོད་བཅུ་གཉིས་དང་ཕྱེད་ཀར་དགོངས་པ་རྫོགས་དུག

འདས་གྲོངས་སུ་གྱུར་བའི་ཆབ་སྲིད་བཙོན་ཟུར་ཁོང་གིས་ཕ་མ་གཅིག་པའི་སྤུན་དཔལ་ལྡན་འཕྲིན་ལས་ལགས་ཀྱིས་ཀྱང་ཕྱི་ལོ་ ༢༠༠༨ ལོར་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་ཞི་རྒོལ་གནང་རྐྱེན་འཛིན་བཟུང་གིས་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་འདུག

དེ་སྔ་ཁོང་རྒྱ་གར་དུ་ཕེབས་ནས་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་གནང་མྱོང་ཡོད་པ་དང་ཕྱིས་སུ་གནམ་གཤིས་མ་འཕྲོད་རྐྱེན་ཕྱིར་བོད་དུ་ལོག་ནས་གཉེན་སྒྲིག་གནང་བ་དང་ཕྲུ་གུ་གསུམ་བྱུང་ཡོད་ཀྱང་བཟའ་ཟླ་དང་ཁ་བྲལ་འདུག  ཁོང་དང་ཁོང་གི་སྤུན་མཆེད་དཔལ་ལྡན་འཕྲིན་ལས་ལགས་གཉིས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་རྐྱེན་དེང་སྐབས་རྒྱ་ནག་གཞུང་གིས་ཁོང་ཚོར་རོགས་རམ་དང་ཐོབ་ཐང་ཡོངས་རྫོགས་བཅད་ཡོད་པ་་མ་ཟད་ཕྲུ་གུ་གཞན་ཚོར་སློབ་ཡོན་སྤྲོད་དགོས་ཀྱི་མེད་ཀྱང་ཁོང་ཚོའི་ཕྲུ་གུ་ཚོར་སློབ་གྲྭར་སློབ་ཡོན་ངེས་པར་དུ་སྤྲོད་དགོས་པ་བཅས་ཀྱི་སྡང་ཟུག་དང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་རེད་འདུག

རྩ་བའི་རྒྱ་གར་ལྷོ་ཕྱོགས་སུ་བཞུགས་པའི་འབྲེལ་ཡོད་བོད་མི་ཞིག་གིས་ཁོང་དང་འབྲེལ་བའི་འདྲ་པར་དང་གནས་ཚུལ་མཁོ་སྤྲོད་གནང་སོང་།

Share with your friends










Submit