ཟླ་བ་ ༤ ཚེས ༨ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༨ རེས་གཟའ་ཟླ་བ།

༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༤ ནས་ ༦ བར་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་གསར་བཟོ་གནང་བའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་སྒྲོམ་གཞི་དང་བསླབ་གཞི་ཁག་རྒྱ་གར་རྒྱལ་ས་དིལླཱི་རུ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དབུ་འབྱེད་གནང་བ་དང་། མཛད་སྒོ་དེར་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་རྒྱུས་སྟོན་པ་དགེ་བཤེས་ཡེ་ཤེས་རྒྱལ་མཚན་ལགས། འབྲེལ་ཡོད་ལས་བྱེད་ཟུང་དྲུང་བསྟན་འཛིན་པདྨ། བོད་སློབ་ཁག་བདུན་ནས་དགེ་རྒན་སློབ་ཕྲུག་བཅས་མི་གྲངས་ ༡༧ མཉམ་ཞུགས་གནང་ཡོད།

བསླབ་གཞི་དེའི་མཚན་བྱང་དུ་སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོ་ Social, Emotional and Ethical Learning ཞེས་བཏགས་གནང་ཡོད་པ་དེ་ཉིད་༸གོང་ས་མཆོག་གི་དགོངས་གཞི་ཇི་བཞིན་ཆེད་བསྒྲིགས་གནང་ཡོད་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ Secular Ethics ཞེས་ཡོངས་གྲགས་སུ་ཆགས་ཡོད།

ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ནས་སྔོན་འགྲོའི་འཛིན་གྲྭའི་བསླབ་གཞི་དང་། གཞི་རིམ་འོག་མའི་བསླབ་གཞི། གཞི་རིམ་བར་མའི་བསླབ་གཞི་བཅས་གཏན་འབེབས་གནང་ཟིན་པ་དང་། གཞི་རིམ་གོང་མའི་བསླབ་གཞི་ལོ་རྗེས་མའི་ནང་འགྲུབ་རྒྱུར་འཆར་གཞི་བསྒྲིགས་ཟིན་འདུག

རྒྱལ་སྤྱིའི་དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་མཆོག་གིས་དབུས་པའི་མཁས་དབང་མང་པོས་གསུང་བཤད་དང་བགྲོ་གླེང་རིམ་པ་གནང་ཡོད་པ་མ་ཟད། དགེ་རྒན་གྱི་གླེང་སྟེགས་དང་། སློབ་ཕྲུག་གི་གླེང་སྟེགས། ཕྲུ་གུའི་རྩོམ་རིགས་དང་རི་མོ་སོགས་ཀྱི་འགྲེམས་སྟོན་བཅས་བྱེད་སྒོ་ཁག་གསུམ་སྤེལ་ཡོད་པ་དང་། དེའི་ནང་འདི་ལོའི་ཕྱི་ཟླ་དང་པོའི་ཟབ་སྦྱོང་སྐབས་སུ་སློབ་ཁག་གི་རྒྱུས་སྟོན་པ་རྣམས་ཀྱིས་འོས་འདེམས་བྱུང་བ་བཞིན་བོད་པའི་སློབ་གྲྭ་གཉིས་ནས་མཉམ་ཞུགས་གནང་ཡོད་པ་རེད། ཁོང་རྣམས་ལ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ནས་ཤེས་རིག་ལས་ཁུངས་བརྒྱུད་མཉམ་ཞུགས་གནང་སྟངས་ཐོག་ལམ་སྟོན་རིམ་པའང་གནང་ཡོད།

ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་དགེ་རྒན་དང་སློབ་ཕྲུག་གྲངས་ ༡༤ ཡོད་པའི་ནང་དྷ་ས་བོད་ཁྱིམ་དང་། སཾབྷོ་ཊ། མ་སུ་རི་བོད་ཁྱིམ་བཅས་ཀྱི་སློབ་ཁག་སོ་སོའི་སྐུ་ཚབ་རྣམ་པ་ཡོད།

ཉིན་གཉིས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བརྗོད་གཞི་དེའི་སྐོར་དྲྭ་ཐོག་གི་གླེང་སྟེགས་ཤིག་དབུ་འབྱེད་གནང་བ་རེད།

དབུ་འབྱེད་མཛད་སྒོ་གྲུབ་རྗེས་ཕྱི་ཚེས་ ༧ ཉིན་ནཱེ་རུཧ་མཐོ་སློབ་ཏུ་ JNU ཉིན་ཕྱེད་རིང་ཨེ་མོ་རིའི་བསླབ་གཞི་དང་འབྲེལ་བའི་མི་སྣ་གཙོ་བོ་ཁག་གཅིག་དང་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཤེས་ཡོན་པའི་གྲོས་བསྡུར་གྱི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་པ་དེར་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་དང་བོད་དགེ་རྣམས་ཀྱང་བཅར་ནས་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད།

ད་རེས་ཉིན་གསུམ་གྱི་དབུ་འབྱེད་མཛད་སྒོ་དེ་ཉིད་ཏཱ་ལའི་བླ་མའི་ཐེབས་རྩ་དང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་། ཝ་ན་བདེ་རྩ་བཅས་ནས་གོ་སྒྲིག་གནང་ཡོད་པ་དང་། ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་དགེ་སློབ་རུ་ཁག་གི་འགྲོ་གྲོན་ཕཱ་རན་སིའི་རོགས་ཚོགས་ Fonds De Dotation Mon Kontan Ou, France ནས་མཐུན་འགྱུར་གནང་ཡོད་པ་བཅས། །

Share with your friends










Submit